རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་པ།

        2015-03-04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་གསུམ་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོ།རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཚོགས་པ་དང་།ཚོགས་ཆེན་གྱི་མགྲིན་ཚབ་པ་ལུའུ་ཞིན་ཧྭས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད།གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།ལུའུ་ཞིན་ཧྭས།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་ཐོག་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོག་རྒྱུ་ཡིན་པ་དང་།སྤྱི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོ་མཇུག་སྒྲིལ་རྒྱུ་གཏན་འཁེལ་བྱས་པ་ངོ་སྤྲོད་བྱས་ཡོད་པ་རེད།ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲིན་གྱིས་གནང་བའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གསན་གནང་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཞོས་ཁྲོན་གྱིས་གནང་བའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ལས་དོན་གནས་ཚུལ་གྱི་གྲོས་གཞིའི་ལས་དོན་སྙན་ཞུ་ལ་གསན་གནང་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་ཡིན་པ།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཟུར་ཞུགས་བྱ་རྒྱུ་དང་།སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ།དེ་བཞིན་སྙན་ཞུ་གཞན་བཅས་གསན་རྒྱུ་མ་ཟད་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་དང་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་ཡིན་པ་རེད།ཚོགས་ཆེན་རིང་།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འགོ་ཚུགས་གྲོས་ཚོགས་དང་མཇུག་སྒྲིལ་གྲོས་ཚོགས།དེ་བཞིན་ཚང་འཛོམས་གྲོས་ཚོགས་གཞན་དག་ལ་ཞུགས་རྒྱུ་དང་།ད་དུང་སྲིད་གྲོས་ཨུ་ཡོན་གྱི་ཚོགས་ཆུང་དུ་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ།ཨུ་ཡོན་དང་གྲོས་མོལ་བཅས་བྱ་རྒྱུ་ཡིན་པ་རེད།ཚོགས་ཆེན་གྱི་མཇུག་སྒྲིལ་ཚོགས་འདུའི་ཐོགཀྲུའུ་ཞི་ཡུས་ཀྲེན་ཧྲིན་གྱིས་གཏམ་བཤད་སྤེལ་རྒྱུ་ཡིན་པ་རེད།  ། 
 
  • ལེ་ཚན་སྔོན་མ།:2015ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་ལ་འཛམ་གླིང་གིས་དོ་ཁུར་བྱེད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་གྲོང་ཁྱེར་དང་ཞིང་གྲོང་གི་ལས་ཁུངས་མང་པོ་ལ་གཟེངས་བསྟོད་ཐོབ།
  • དོ་སྣང་ཆེ་བའི་རྩོམ།