བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས་ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་གནས་བབ་གལ་ཆེན་ཞིག་ཏུ་རྩིས།

    བོད་ལྗོངས་འཕྲིན་དྲ།    2015-03-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས་ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་མུ་མཐུད་གལ་ཆེའི་གནས་བབ་ཐོག་བཞག་ནས་ལོ་འདིའི་ནང་ཚུན་དུ་མཚོ་བོད་ལྕགས་ལམ་རྒྱུད་དང་སྐྱིད་རོང༌། འགྲམ་སོགས་གཙོ་གནད་འགག་སྒོའི་མཁའ་རླུང་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས། མཁའ་རླུང་སྤུས་ཚད་ལ་དུས་བསྟུན་ལྟ་ཞིབ་ཚད་ལེན་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་འཇམ་དཔལ་གྱིས། མཚོ་བོད་ལྕགས་ལམ་ནི་བོད་ཀྱི་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་པས། ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྤེལ་ནས་སྦག་བཙོག་འགོག་བཅོས་ཡག་པོ་བྱེད་དགོས་པ་མ་ཟད་སྐྱེ་ཁམས་སྲུང་སྐྱོབ་ལ་སྣང་ཆེན་བྱེད་དགོས་པ་དང༌། མཚོ་བོད་ལྕགས་ལམ་རྒྱུད་་དུ་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་དེས་ལྕགས་ལམ་རྒྱུད་ཀྱི་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཡང་དག་ཆུད་ནས། རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས་ནུས་ལྡན་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གིས་ལོ་མང་རིང་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་པའི་ཐོག་ནས། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་ལ་གཏོར་་སྐྱོན་ཕོག་མེད་པ་དང་། རླུང་ཁམས་ཆེན་མོ་དང་ཆུ་སོགས་ཀྱི་ཁོར་ཡུག་སྤུས་ཚད་ལ་མངོན་གསལ་དོད་པའི་འགྱུར་བ་བྱུང་མེད་པ། འདམ་ར་དང་མཚེའུ་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པ་བཅས་མངོན་ཡོད་པ་རེད།
 གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ལྗོངས་ཡོངས་ཀྱི་རྫོང74ཡི་རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད་པ་དང༌། མིག་སྔར་ལྗོངས་ཡོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར་བདུན་ལ་ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་དུས་བསྟུན་ཡོངས་བསྒྲགས་ཐུབ་པ་བྱུང་ཡོད་པས། སྤྱི་དམངས་ཀྱིས་དུས་ངེས་མེད་ཐོག་ས་ཁུལ་ཁག་གི་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་འདྲི་ཆོག་གི་ཡོད་པ་རེད། ལྟ་ཞིབ་ཚད་ལེན་གྱི་ཐོག་ནས་ན་ནིང་ལྗོངས་ཡོངས་ཀྱི་མཁའ་རླུང་གི་སྦག་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཚད་དེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིའི་ཁོངས་སུ་ཚོད་འཛིན་ཐུབ་པ་མངོན་གྱི་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅོ་ལྔ་བ་བསྡུས།
  • ལེ་ཚན་རྗེས་མ།:ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།