ཉིས་སྟོང་བཅུ་བཞི་ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཐད་བླངས་པའི་གྲུབ་འབྲས་བཅུ།

    མཚོ་སྔོན་པོ་དྲ་བ།    2015-02-09

འབྲེལ་ཡོད་གསར་འགྱུར་སྣ་ཚོགས་ལས་རྒྱུས་ལོན་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར་བོད་ནང་གི་རྩོམ་རིག་དང་སྒྱུ་རྩལ་ལས་དོན་ཐད་གྲུབ་འབྲས་ཅུང་ལེགས་པོ་བླངས་ཡོད་ལ། དེ་ཡིས་བོད་ཀྱི་བསམ་བློ་ཤེས་རིག་གསར་སྤེལ་དང་། ཁྱབ་བརྡལ། རམ་འདེགས་ཀྱི་ནུས་པ་བླ་ལྷག་གིས་ཐོན་ཡོད་པ་རེད། གྲུབ་འབྲས་དང་གཟེངས་རྟགས་དེ་དག་གཤམ་དུ་མདོར་བསྡུས་ཤིག་ངོ་སྤྲོད་བྱ།
གཅིག བོད་ཀྱི་སྐྱེས་མའི་རྩོམ་པ་པོའི་དཔེ་ཚོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ད་ལོར་པར་སྐྲུན་གནང་བའི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་སུ། དཔལ་མོ་ལགས་ཀྱི《དཔྱིད་ཀྱི་དཔལ་མོ》དང་ཚེ་རིང་དབྱངས་སྐྱིད་ལགས་ཀྱི《མི་ཚེའི་འགྲུལ་བཞུད》ཁ་བ་ལྷ་མོ་ལགས་ཀྱི《ཁ་བའི་རྣ་ཆ》མཚོ་ལགས་ཀྱི《སེམས་པ་བཞུད་པའི་དབྱངས》རྟོགས་སད་ལྷ་མོ་ལགས་ཀྱི《བོད་པའི་བུ་མོ》བཅས་པར་སྐྲུན་འགྲེམ་སྤེལ་གནང་འདུག འདི་ཡིས་བོད་ཀྱི་བུད་མེད་རྩོམ་མཁན་གྱི་དཔུང་སྡེ་རྒྱ་བསྐྱེད་དང་། བུད་མེད་རྩོམ་རིག་གསར་རྩོམ་ལ་ཤུགས་སྣོན་པར་སྐུལ་འདེད་ཀྱི་ནུས་པ་བསྐྲུན་ཡོད་པ་རེད།
 གཉིས། བོད་ཀྱི་སྐྱེས་མའི་རྩོམ་པ་པོ་མཁར་མོ་རྒྱལ་གྱིས་བོད་ཡིག་གི་ལམ་ནས་བརྩམས་པའི་བརྩམས་སྒྲུང་རིང་མོ《ཕྱུར་བ》ཞེས་པ་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དེ་ནི་བོད་ཀྱི་བུད་མེད་ཀྱིས་བོད་ཡིག་ལམ་ནས་བརྩམས་གནང་མཛད་པའི་ཐོག་མའི་བརྩམས་སྒྲུང་རིང་མོ་རེད།
  གསུམ། བོད་ཀྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་བརྩམས་ཆོས《གཡང་མདའ》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཀྲུང་གོའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཕུལ་བྱུང་བརྙན་ལེན་པའི་བྱ་དགའ་དང་། ཧོ་ལེ་བུའུ་ཀྲུང་གོ་དང་ཨ་རིའི་གློག་བརྙན་དུས་ཆེན་དུ་བདམས་ཐོན་བྱ་དགའ་། རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་སྟེང་འཇའ་ཚོན་རྟགས་མའི་བྱ་དགའ། སྐབས་བཅུ་དགུ་བའི་ཧྥུའུ་ཧྲན་གློག་བརྙན་དུས་ཆེན་དུ་ཡ་གླིང་སྒེའུ་ཁུང་གི་ཚན་པའི་ནང་བདམས་ཐོན་བྱ་དགའ་སོགས་གཟེངས་རྟགས་མང་པོ་ཐོབ། བོད་ཀྱི་གློག་བརྙན་ལས་དོན་གྲུབ་འགྲས་མངོན་གསལ་བླངས།
  བཞི། བོད་ཀྱི་སྙན་ངག་དུས་དེབ《གངས་རྒྱན་མེ་ཏོག》བསྐྲུན་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དཔེ་ཚོགས་ཆེན་མོ་དང་། གངས་རྒྱན་མེ་ཏོག་དུས་དེབ་ཀྱི་རྗེས་དྲན་ཆེད་སྒྲིག་དུས་དེབ་བཏོན། འདི་ལས་གངས་རྒྱན་མེ་ཏོག་དུས་དེབ་ཀྱིས་བོད་ཀྱི་དེང་རབས་སྙན་ངག་གསར་རྩོམ་ཐད་བྱས་རྗེས་གསུབ་མེད་བཞག་པ་མཚོན།
ལྔ། བོད་ཀྱི་སྐྱེས་མའི་སློབ་ཆེན་སློབ་མ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐུང་བ《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར། ཀྲུང་གོའི་ཁྲུང་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་དཔྱད་འདེམས་བྱ་དགའ་ཆེན་མོ་དང་། ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་ཐོབ་པ་དང་། ཨ་རུའི་ཅིག་ཅིན་ཧྲན་ཡ་གླིང་སློབ་ཆེན་པའི་གློག་བརྙན་ཐུང་བའི་དུས་ཆེན་སྟེང་ཕུལ་བྱུང་གཏམ་རྒྱུད་དང་། ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བདམས་ཐོན་བྱ་དགའ་དང་། པེ་ཅིན་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་ཐུང་བའི་དུས་ཆེན་སྟེང་ཕུལ་བྱུང་གཏམ་རྒྱུད་ཀྱི་དངུལ་གྱི་རྟགས་མ་ཐོབ། འདི་ནི་བོད་ཀྱི་སློབ་ཆེན་སློབ་མའི་ཁྲོད་དུ་བུད་མེད་གློག་བརྙན་འཁྲབ་ཁྲིད་པར་གཟེངས་རྟགས་ཐོབ་པ་ཆེས་ཐོག་མ་ཡིན།
  དྲུག བོད་ཀྱི་ན་གཞོན་བརྩམས་སྒྲུང་བ་ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུུང་རིང་མོ《བོད་ཀྱི་གཅེས་ཕྲུག》ཅེས་པ་ཉི་ཧོང་གི་ཡིག་རིགས་སུ་བསྒྱུར་ནས་པར་སྐྲུན་འགྲེམ་སྤེལ་བྱས་པས། འདི་ནི་ཉི་ཧོང་སྐད་དུ་བསྒྱུར་བའི་བོད་ཀྱི་ཐོག་མའི་བོད་ཡིག་གི་བརྩམས་སྒྲུང་རིང་བོ་རེད།
 བདུན། བོད་ཀྱི་སྙན་ངག་པ་དང་འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མས་བརྩམས་གནང་མཛད་པའི་ལེའུ་བརྒྱད་དང་ཐིག་ཕྲེང་བཞི་བརྒྱ་དྲུག་ཅུ་ཅན་གྱིས་སྙན་རྩོམ་རིང་མོ་《གངས་ལྗོངས་སྨོན་ལམ་ཆེན་མོ》གངས་རྒྱན་མེ་ཏོག་སྟེང་བཀོད་པ་དང་། སྙན་རྩོམ་ལས་བོད་ཀྱི་སྲོལ་རྒྱུན་དང་དད་འདུན་ཐད་ལ་བསམ་གཞིགས་རིང་མོ་བཏང་ཡོད་ལ། ཀློག་མཁན་ཁྲོད་གྲགས་འགུལ་དང་ཤན་ཤུགས་ཀྱི་ནུས་པ་ཆེན་པོ་ཐོབ་པ་དང་། 《གངས་རྒྱན་མེ་ཏོག》སྟེང་ཆེད་བསྒྲིག་དཔྱད་གཏམ་སྤེལ་ནས་སྙན་རྩོམ་འདིའི་ཐད་ལ་བླངས་པའི་བསམ་བློ་དང་། སྒྱུ་རྩལ་ཐད་གདེངས་འཇོག་ཚད་མཐོན་པོ་བྱས་པ་དང་། སྙན་རྩོམ་འདིའི་རྒྱ་འགྱུར་མ《ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོའི་སྙན་རྩོམ་ཉིང་བཏུས》ཀྱི་དཔེ་དེབ་ནང་བདམས་ནས། རྩོམ་པ་པོ་པར་སྐྲུན་ཁང་གིས་པར་ཏུ་བསྐྲུན་ནས་འགྲེམ་སྤེལ་བྱས། འདི་ནི་བོད་ཀྱི་སྙན་ངག་པས་བརྩམས་གནང་མཛད་པའི་རྒྱ་ཡིག་གི་སྙན་རྩོམ་རིང་མོ་རྒྱ་ཡིག་གི་དཔེ་དེབ་ཏུ་བདམས་པ་ཐོག་མ་རེད།
བརྒྱད། བོད་ཀྱི་དེང་རབས་སྙན་ངག་གསར་བའི་གྲུབ་མཐའ་མི་རབས་གསུམ་པའི་སྐབས་གསུམ་པའི་འདུ་ཚོགས་མཚོ་སྔོན་རྨ་ལྷོ་ཁུལ་ཐོག་ཏུ་བསྡུས་པ་དང་། མི་རབས་གསུམ་པ་སྤྱིའི་འདོན་ཐེངས་ལྔ་བ་འགྲེམ་སྤེལ་བྱས་པ་དང་། སླད་མར ༡. རྗེས་མར《མི་རབས་གསུམ་པ》ཞེས་པའི་རྩོམ་དེབ་གཞུང་གི་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱ་རྒྱུར་ནུས་ཤུགས་འདོན་རྒྱུ། ༢. དབྱིན་འགྱུར་ད《མི་རབས་གསུམ་པ》ཞེས་པ་ལོ་ཙཱ་བ་ཆེ་གེ་མོ་ལ་བསྒྱུར་རྒྱུའི་པར་དབང་བསྩལ་བ། ༣. ཚོགས་ཐེངས་རེ་རེ་བཞིན་དེང་རབས་སྙན་ངག་གསར་རྩོམ་མཁན་གྱི་བོད་ཀྱི་སྙན་ངག་པ་བདུན་ལ་སྙན་ངག་པ་དངོས་ཀྱི་མཚན་སྙན་གནང་རྒྱུ།༤. མི་རབས་གསུམ་པའི་འདུ་ཚོགས་སྐབས་རྗེས་མ་བོད་ཀྱི་སློབ་ཆེན་ཁག་ནས་ལོ་རེར་རེས་མོས་སུ་འཚོག་རྒྱུ་ཡིན་ལ། རེབ་འདིའི་ཚོགས་འདིའི་སྟེང་མི་རབས་གསར་བས་ཉིས་སྟོང་བཅུ་བཞི་ལོར་བོད་ཀྱི་སྙན་རྩོམ་ཐད་གྲུབ་འབྲས་ཡོད་པའི་སྙན་ངག་པ་བདུན་བདམས་ཡོད་ལ། དེ་དག་ནི་དཔའ་རྩེ། ཞི་བདེ་ཉི་མ། དཔལ་མོ། ཁྱུང་ཐར་རྒྱལ། གེ་སར། རྨོག་རུ་ཤེས་རབ་རྡོ་རྗེ། ཁ་བ་དཀར་པོ་བཅས་ཡིན་ལ། དེ་ཡིས་བོད་ཀྱི་དེང་རབས་སྙན་ངག་གསར་རྩོམ་གདེང་འཇོག་དང་གསར་རྩོམ་ཐད་སྐུལ་ལྕག་དང་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་ཀྱི་ནུས་པ་ཐོན་ཡོད་ལ།དམངས་ཁྲོད་ཀྱི་འདུ་ཚོགས་འདི་ལྟ་བུས་བོད་ཀྱི་དེང་རབས་སྙན་ངག་གསར་པའི་གསར་རྩོམ་ཐད་འགྲན་རྩོད་དང་། གཞོགས་འདེགས་ཀྱི་ནུས་པ་མི་དམན་པ་ཐོན་ཡོད་པ་རེད།
  དགུ།  ཉིས་སྟོང་བཅུ་བཞི་ལོའི་སྐབས་གཉིས་པའི་མཚོ་སྔོན་རྩོམ་རིག་བྱ་དགའ་ཚོགས་འདུ་སྟེང་བུད་མེད་རྩོམ་མཁན་མཁར་མོ་རྒྱལ་གྱི་བོད་ཡིག་གི་བརྩམས་སྒྲུང་རིང་མོ《ཕྱུར་བ》ལ་རྩོམ་རིག་བྱ་དགའ་ཐོབ། བརྩམས་སྒྲུང་འདི་ལས་ཕྱི་སྡོད་བོད་མི་ཞིག་གི་མཐོང་ཐོས་དྲན་རེག་གི་ལམ་ནས་བོད་ནང་གི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་བསམ་གཞིགས་རྒྱང་རིང་བཏང་བ་ཞིག་ཡིན།  བོད་ཀྱི་ལྷུག་རྩོམ་རྩོམ་པ་པོ་གྲགས་ཅན་ཉ་ནག་པ་བ་རེས་ལགས་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས་པ་དང། ཚོགས་ཐོག་ཏུ་འབྲེལ་ཡོད་རྩོམ་པ་པོ་དང་མཁས་པ། འགོ་ཁྲིད་སོགས་ཞུགས་ནས་ལྷུག་རྩོམ་རྩོམ་པ་པོ་བ་རེས་ཀྱི་གསར་རྩོམ་གྱི་བཞུད་ལམ་ལ་ཕྱི་མིག་དང་། བརྩམས་ཆོས་བསམ་བློ་དང་སྒྱུ་རྩལ་ཐབས་ལམ། བོད་ཀྱི་ལྷུག་རྩོམ་ཐད་བཞག་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། 
       བཅུ། བོད་ཀྱི་སྐྱེས་མའི་གློག་བརྙན་འཁྲབ་སྟོན་པ་བདེ་སྐྱིད་ལ། གློག་བརྙན《མདོ་ལྷོའི་མཛའ་གཞས》ཞེས་པའི་ཁྲོད་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་ལེ་ཚན་སྐབས་བཅུ་བཞི་བའི་གློག་བརྙན་པེ་ཧུ་རྟགས་མའི་སྐྱེས་མའི་ཕུལ་བྱུང་འཁྲབ་གཙོ་བའི་བྱ་དགའ་ཐོབ།
  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་བུད་མེད་ཁེ་དབང་སྲུང་སྐྱོང་གི་མཉམ་གྲོས་ཁྲིམས་ར་དང་པོ་བཙུགས་པ།
  • ལེ་ཚན་རྗེས་མ།:མངའ་རིས་ས་ཁུལ་རྩ་མདའ་རྫོང་གིས་ཁྲིམས་འཛིན་ལས་དོན་གྱི་གསོ་སྦྱོང་སྤེལ།
  • དོ་སྣང་ཆེ་བའི་རྩོམ།