ཁྲིམས་ལུགས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཁྲིམས་ཁང་གིས་བུད་མེད་ཁེ་དབང་སྲུང་སྐྱོང་གི་མཉམ་གྲོས་ཁྲིམས་ར་དང་པོའི་སྒོ་བྱང་དེ་ཉེ་ཆར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་བཀལ་བ་རེད།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོའུ་ཧྲི་དབྱིང་གིས་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོའི་ཐོག་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་མཉམ་གྲོས་ཁྲིམས་ར་བཙུགས་པ་དེས། ལྗོངས་ཁྲིམས་ཁང་དང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་ཕན་ཚུན་གསབ་པ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་རྣམ་པ་གསར་པ་བཏོད་པ་མཚོན་ཡོད། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁྲིམས་ཁང་དབར་རང་འགུལ་ངང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་མཉམ་གྲོས་ཁང་གི་སྟེགས་བུ་སྤྱད་དེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྤེན་པ་ལྷ་མོས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་མཉམ་གྲོས་ཁང་གིས་གཏུག་བཤེར་དང་གཏུག་བཤེར་མིན་པ་སྦྲེལ་མཐུད་དམ་ཟབ་བྱས་ནས་ཁྲིམས་འཛིན་སྐྱོབ་རོགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།