2015ལོའི་མཚོ་བོད་ལྕགས་ལམ་ཀུང་ཟིས་ལོ་སར་འགྲུལ་བ་སྐྱེལ་འདྲེན་གྱི་སྒོ་ཡོལ་ཕྱེས་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2015-02-06
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ལོ་སར་སྐབས་ཀྱི་འགྲུལ་བ་སྐྱེལ་འདྲེན་བྱེད་པའི་བྱ་བ་དེ་ཟླ2པའི་ཚེས་4ཉིན་ནས་བཟུང་ཉིན40རིང་སྤེལ་རྒྱུ་རེད།
2015ལོའི་མཚོ་བོད་ལྕགས་ལམ་ཀུང་ཟིའི་ལོ་སར་སྐབས་འགྲུལ་བ་སྐྱེལ་འདྲེན་བྱེད་པའི་བྱ་བ་དེ་ཟླ2བའི་ཚེས4ནས་མགོ་བརྩམས་ཏེ་ཟླ3པའི་ཚེས15བར་སྤེལ་རྒྱུ་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན་ཁྱོན་སྡོམ་མགྲོན་པོ་འབུམ་བརྒྱད་དང་ཁྲི་ལྔ་སྟོང་གསུམ་སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་མགྲོན་པོ་ཁྲི་གཉིས་དང་སྟོང་སུམ་བརྒྱ་སྐྱེལ་འདྲེན་བྱ་དགོས་འདུག དེ་ལས་སྐྱེལ་འདྲེན་གྱི་ཁ་གྲངས་ཆེས་མཐོ་དུས་ནི་ཟླ2པའི་ཚེས24ཉིན་ཡིན་པ་དང་། ཉིན་དེར་མགྲོན་པོ་ཁྲི་གསུམ་དང་སྟོང་ལྔར་འབུད་རྒྱུ་རེད། མཚོ་བོད་ལྕགས་ལམ་ཀུང་ཟིས་སྔོན་དཔག་བྱས་པ་ལྟར་ན། ལོ་སར་སྔོན་གྱི་མགྲོན་པོ་གཙོ་བོ་ནི་ཞོར་ལས་པ་དང་། གཉེན་ཉེར་བལྟ་མཁན། སློབ་མ་བཅས་ཡིན་པ་དང་། ལོ་སར་སྔོན་གྱི་ཉིན་བཅུ་ཡི་ནང་གཙོ་བོ་ནི་ཁྲིན་ཏུའུ་དང་། ཀོང་ཀྲིག ཧྲང་ཧེ། པེ་ཅིན་ཕྱོགས་སུ་བསྐྱོད་མཁན་མང་ཤོས་རེད། ལོ་སར་རྗེས་སུ་ཐེངས་དང་པོར་མགྲོན་པོ་འདུ་འགོད་ཆེ་དུས་ནི་ཕྱོགས་སོ་སོའི་གཉེན་ཉེར་བལྟ་མཁན་རྣམས་ཕྱིར་ལས་གནས་སུ་བསྐྱོད་པའི་དུས་ཡིན་ལ། ཞི་ཨན་དང་ལན་ཀྲིག་སོགས་ས་ཐག་འབྲིང་གྲས་ཀྱི་མགྲོན་པོ་དང་། མིན་ཡོན་དང་གཏེར་ལེན་ཁ། ན་གོར་མོ། ལྷ་ས་སོགས་ཀྱི་མགྲོན་པོ་གཙོ་ཤོས་རེད། ས་གནས་འདི་དག་ལ་བསྐྱོད་པའི་མགྲོན་པོར་མལ་ཁྲི་ཅན་གྱི་དགོས་མཁོ་ཅུང་ཆེ། ལོ་སར་རྗེས་ཀྱི་ཐེངས་གཉིས་པར་མགྲོན་པོ་འདུ་འགོད་ཆེ་དུས་གྱི་ཚེས་བཅོ་ལྔའི་རྗེས་ཡིན་ལ། གཙོ་བོ་སློབ་མ་དང་ཞོར་ལས་བ་རེད། ཀོང་ཀྲིག་དང་ཧྲང་ཧེ། པེ་ཅིན་སོགས་ལ་བསྐྱོད་མཁན་མང་ཤོས་རེད། དེ་ལས་གཞན་ད་དུང་མཚོ་བོད་ལྕགས་ལམ་ཀུང་ཟིས་ཚོད་དཔག་བྱས་པ་ལྟར་ན། ཐོག་དང་པོར་ལོ་སར་འགྲུལ་བ་སྐྱེལ་འདྲེན་བྱེད་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་དང་མཚོ་སྔོན་མྱུར་ལམ་གཉིས་ཀྱིས་ལོ་སར་གྱི་སྐབས་དང་བསྟུན་ནས་སོ་སོར་འགྲུལ་བ་ཁྲི་ལྔ་སྟོང་ལྔ་དང་ཁྲི་བཅུ་སྐྱེལ་འདྲེན་བྱ་རྒྱུ་རེད།
2015ལོའི་ལོ་སར་གྱི་འགྲུལ་བ་སྐྱེལ་འདྲེན་ནི་མཚོ་བོད་ལྕགས་ལམ་ཀུང་ཟིས་ལྷ་རི་ལྕགས་ལམ་དང་། མཚོ་སྔོན་མཐོ་ལམ། ཟི་ལིང་མེ་འཁོར་ས་ཚིགས་གསར་བ། གསར་དུ་བསྐྲུན་པའི་ཀོན་ཅོ་ཕུགས་ལམ་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་ལྕགས་ལམ་ཤར་གཏོང་བྱས་རྗེས་ཐོག་དང་པོར་ལོ་སར་གྱི་འགྲུལ་བ་སྐྱེལ་འདྲེན་བྱས་པ་རེད། ཀུང་ཟི་འདིས་ལག་ལེན་མཐར་འཁྱོལ་དང་བློ་གཅིག་སེམས་གཅིག་གིས་འཆར་གཞི་ཇུས་འགོད་བྱས་ཏེ་སྐྱེལ་འདྲེན་ནུས་ཤུགས་མཐོར་འདེགས་དང་། སྐྱེལ་འདྲེན་རྩ་འཛུགས་བཀོད་སྒྲིག་བྱས་ནས་འགྲུལ་བ་དག་གི"འགྲུལ་བཞུད་བདེ་འཇགས་དང་། འགྲུལ་བཞུད་སྟབས་བདེ། འགྲུལ་བཞུད་སྤྲོ་སྐྱིད"ཡོང་བར་ཁག་ཐེག་བྱ་རྒྱུ་རེད། །