ཀྲུང་གོ་བོད་ཀྱི་དྲ་བ། 2014-07-11
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས8ཉིན་པེ་ཅིན་ནས་བསྡུས་པའི2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་གསོ་རིག་སྨན་རྫས་འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དང་ཚོང་འགུག་མཚམས་སྦྱོར་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་དེ་ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས2ཉིན་བར་མཚོ་སྔོན་ཡུས་ཧྲུའུ་ནས་ཚོགས་རྒྱུ་རེད། ཀྲུང་དབྱང་དང་ས་གནས་སྨྱན་བྱེད་ལས་ཁུངས40ལྷག་དང་ལས་རིགས་མཐུན་ཚོགས80ལྷག་དང་། ཁེ་ལས་འཐུས་མི་རྣམས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས་ཡོད།
ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་བརྗོད་དོན་ནི“ཁྱད་ལྡན་དང་གཅིག་འདུས། གསར་སྐྲུན། འཕེལ་རྒྱས”དང་། “འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཀྲུང་གོར་ལྟ་བ་དང་ཀྲུང་གོའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ལ་ལྟ་བ”དེ་ཡིན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ལོ་རེའི་ཐོན་ཚད་ནི་ཏུན150ཡན་དང་། ལོ་རེར་དབྱར་རྩྭ་དགུན་འབུ་བརྐོ་ཚད་ཏུན60ཡས་མས་ཡིན་ལ། ལོ་རེར་ཉོ་ཚོང་བྱེད་ཚད་ཏུན100ཡས་མས་ཡོད་ཅིང་། ལོ་རེའི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར200ལས་བརྒལ་ཡོད་པས་དེས་རྒྱལ་ཡོངས་ཀྱི60ཡན་ཟིན་ཡོད་པ་དང་། འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ལ་ནེ་པ་ལ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ལས110ལྷག་འགྲེམ་སྟོན་ལ་ཞུགས་པར་མིང་ཐོ་བཀོད་ཡོད་ལ། རྒྱལ་ནང་གི་བོད་ལྗོངས་དང་ཞིན་ཅང་། ཧྲན་ཞི། ཀན་སུའུ། ཡུན་ནན། ཀོས་ཀྲོའུ། ཀོང་ཞི་སོགས་ཞིང་ལྗོངས20ཡི་ཁེ་ལས120ལྷག་དང་། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས200ཡིས་འགྲེམ་སྟོན་ལ་ཞུགས་པར་མིང་ཐོ་བཀོད་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ལ་ཞུགས་པའི་ཚོང་བ3000ལྷག་ལ་སླེབས་ཡོད།
གསར་འགོད་པས་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་དེ་ཡུས་ཧྲུའུ་ནས་ཚོགས་རྒྱུ་ཡིན་པ་དང་། དེར་ཁྱད་ཆོས་གཙོ་བོ་གསུམ་མངོན་རྒྱུན་ཡིན་པ་སྟེ། གཅིག་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་བའི་འཛུགས་སྐྲུན་གྲུབ་འབྲས་མངོན་པར་མཚོན་པ་དང་། གཉིས་ནི་ཧུར་བརྩོན་གྱིས་ལྗང་མདོག་འཕེལ་རྒྱས་དང་བསྲི་ཚགས་ཚོགས་སྒྲུབ། དངོས་བརྩོན་ཚོགས་སྒྲུབ་ཀྱི་འདུ་ཤེས་འབུར་ཏུ་བཏོད་པ། གསུམ་ནི་ཤུགས་ཆེན་པོས་ཡུས་ཧྲུའུ་དབྱར་རྩྭ་དགུན་འབུའི་རྒྱལ་ཁབ་ཕྱི་ནང་གི་མཚན་སྙན་དང་ཤུགས་རྐྱེན་ཇེ་ཆེར་གཏོང་བ་བཅས་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10