ཞི་ཅིན་ཕིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
གངས་སྐྱིད་ཀྱིས་བསྒྱུར། 2014-07-03
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས29ཉིན་འབྱོར་བའི་གཏམ་གསར། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་ཚེས28ཉིན་པེ་ཅིན་དུ་འཚོགས་པ་རེད། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཞུགས་ནས་ཁ་བྱང་ལ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ་མཉམ་ལས་གཉིས་ཕན་གྱི་མཛེས་སྡུག་གི་འཛམ་གླིང་སྐྲུན་དགོས》ཞེས་པའི་དམིགས་ཡུལ་གཙོ་བོའི་གསུང་བཤད་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ60ཡི་སྔོན་དུ་ཀྲུང་གོ་དང་། ཧིན་རྡུ། འབར་མ་རྒྱལ་ཁབ་གསུམ་གྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཐུན་མོང་དུ་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ཡོད།
ལོ60ཡི་རིང་ལ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དེ་ཀྲུང་གོ་དང་། ཧིན་རྡུ། འབར་མ་རྒྱལ་ཁབ་ཏུ་རྩ་བར་ཚུགས་པ་དང་མིའི་སེམས་ལ་ཟུག་ཡོད་པར་མ་ཟད། ད་རུང་ཡ་གླིང་ལ་ཕྱོགས་ཡོད་ལ། འཛམ་གླིང་ལའང་ཕྱོགས་ཡོད་པ་རེད། ཀྲུང་གོ་དང་། ཧིན་རྡུ། འབར་མ་རྒྱལ་ཁབ་གསུམ་གྱིས་དེའི་ཐད་བྱས་རྗེས་གལ་ཆེ་བཞག་ཡོད་པ་རེད། ལོ60ཡི་རིང་ལ་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་རིམ་བྱུང་གིས་ཉམས་ཚོད་ཐེབས་ནའང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དེ་ཚོད་འཛིན་མི་བྱེད་པའི་དཀྱེལ་ཡངས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་བརྩིས་ནས་བཤད་ན། བདག་དབང་། དྲང་བདེན། དམངས་གཙོ། ཁྲིམས་སྐྱོང་གི་རིན་ཐང་གི་ལྟ་ཚུལ་ཞིག་གཅིས་བསྡུས་ཀྱིས་མཚོན་ཡོད་པ་རེད།
——ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་རྒྱལ་སྤྱིའི་འབྲེལ་བ་བྱེད་སའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཞིག་ཏུ་གྱུར་ཡོད། ——ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད། ——ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིས་དེ་བས་འདྲ་མཉམ་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་འཛུགས་སྐྲུན་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྣམ་པ་གསར་པའི་འོག་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མཛེས་སྡུག་གི་འཛམ་གླིང་སྐྲུན་པར་སྐུལ་འདེད་གཏང་རྒྱུའི་གནད་དོན་ལ་དམིགས་ཏེ་ཀྲུང་གོ་དང་། ཧིན་རྡུ། འབར་མ་རྒྱལ་ཁབ་གསུམ་ལ་ཡོངས་ཁྱབ་ཏུ་ཐུན་མོང་གི་ངོས་འཛིན་ཆགས་ཡོད། དེར་རང་གིས་ལྟ་ཚུལ་འགའ་བཤད་འདོད་ཡོད་པ་སྟེ། གཅིག་ནི་བདག་དབང་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ཐུན་མོང་གི་ཉེན་མེད་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།
གསུམ་ནི་ཐུན་མོང་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
བཞི་ནི་མཉམ་ལས་གཉིས་ཕན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནི་དཀྱེལ་ཡངས་དང་ཕན་ཚུན་དཔྱད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དགོས།
དྲུག་ནི་འདྲ་མཉམ་གཞུང་དྲང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་ཧུར་ཐག་བྱེད་མཁན་དང་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཡིན་པ་རེད། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཀྲུང་གོའི་རྩ་ཁྲིམས་ནང་བཞག་ཡོད་པས་ ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན་པ་རེད། ཀྲུང་གོ་ནི་དེང་སྐབས་ཀྱི་རྒྱལ་སྤྱིའི་མ་ལག་ནང་ཞུགས་མཁན་དང་། འཛུགས་སྐྲུན་བྱེད་མཁན། བྱས་རྗེས་འཇོག་མཁན་གྱི་རྒྱལ་ཁབ་ཡིན་པ་རེད། ——ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་རྒྱུ་ཡིན། ——ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་བྱ་རྒྱུ་ཡིན། ——ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་གྱི་གསར་སྦོལ་འཐབ་ཇུས་ལག་ལེན་བྱ་རྒྱུ་ཡིན།