ལིས་ཁི་ཆང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-02-24

ལིས་ཁི་ཆང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སེ་ནེ་ཀལ་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་། ཚེས་ཉི་ཤུ་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་སཱ་ལེ་རྣམ་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ་ཀྲུང་གོ་དང་སེ་ནེ་ཀལ་བར་དུ་ཡུན་རིང་མཛའ་མཐུན་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་གཅིག་གྱུར་སྒོས་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་དཔེ་སྟོན་གྱི་ནུས་པ་འདོན་འདོད་ཡོད་ཟེར།

སཱ་ལེ་ཡིས་བཤད་རྒྱུར། སེ་ནེ་ཀལ་དང་ཀྲུང་གོའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སེ་ནེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོའི་ཁེ་ལས་སེ་ནེ་ཀལ་གྱི་ལས་གཞིའི་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བར་མ་ཟད་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།   ། 

  • ལེ་ཚན་སྔོན་མ།:མཚོ་སྔོན་འབྲོག་དམངས་ཀྱི་ཡོང་སྒོ་མགྱོགས་མྱུར་ངང་འཕར་བ།
  • ལེ་ཚན་རྗེས་མ།:ད་ལོར་འབའ་ལུང་རྫོང་གིས་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར70གཏོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།