ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་ད་ལོར་རྒྱལ་ཁབ་ཀྱི་གླིང་ཀ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་སྤེལ་ནས། ཇོ་མོ་གླང་མ་དང་། ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོ།གནམ་མཚོ།མ་ཕམ་གཡུ་མཚོ་བཅས་རྒྱལ་ཁབ་ཀྱི་གླིང་ཀ་འཛུགས་སྐྲུན་ཚོད་ལྟའི་གཞི་ཁྱོན་དུ་བཀོད་ནས།བོད་རང་སྐྱོང་ལྗོངས་ཀྱིས་འཛམ་གླིང་རིམ་པའི་གནས་སྐོར་བྱེད་ས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།རྒྱུས་ལོན་བྱུང་བ་ལྟར་ན།རྒྱལ་ཁབ་གླིང་ཀས་སྤྱིར་བཏང་དུ་རང་བྱུང་ཡུལ་ལྗོངས་གཙོར་འཛིནཔ་དང་།གླིང་ཀའི་ནང་གི་ཡུལ་ལྗོངས་ཐོན་ཁུངས་ལ་རྩ་ཆེ་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་དགོས་ལ་རྒྱལ་ནང་དང་ཐ་ན་འཛམ་གླིང་སྟེང་ཚབ་བྱེད་དཀའ་བའི་རང་བཞིན་ལྡན་དགོས།རྒྱལ་ཁབ་གླིང་ཀའི་དཔེ་དབྱིབས་དེ་ནི་སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ། གནས་སྐོར་གསར་སྤེལ་འོས་འཚམ་བཅས་བྱེད་པ་གཞི་རྩའི་འཐབ་ཇུས་སུ་བརྩིས་ནས། གཞི་ཁྱོན་ཅུང་ཆུང་བའི་གསར་སྤེལ་བརྒྱུད་དེ་གཞི་ཁྱོན་ཆེ་ཞིང་ཕན་འབྲས་ལྡན་པའི་སྲུང་སྐྱོབ་མངོན་འགྱུར་བྱེད་པ་ཞིག་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་བར་གྱི་འབྲེལ་བ་ལུགས་མཐུན་གྱིས་ཐག་གཅོད་པའི་དོ་དམ་གྱི་དཔེ་དབྱིབས་ཤིག་རེད།ད་ལྟ་འཛམ་གླིང་སྟེང་རྒྱལ་ཁབ་དང་ས་ཁུལ200ལྷག་གིས་རྒྱལ་ཁབ་གླིང་ཀ་ཁྲི1ཙམ་བཙུགས་ཡོད། །