རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོའི་སྤྱི་ལོའི་ལོ་སར་ལ་ཤིས་ཚིག་ཕུལ།

        2015-01-05

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོའི་སྤྱི་ལོའི་ལོ་སར་ལ་ཤིས་ཚིག་ཕུལ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་བརྒྱུད་དེ། 2015ལོའི་ལོ་སར་གྱི་ཤིས་ཚིག་ཕུལ།
   ཁོང་གིས་ཤིས་ཚིག་ནང་གསུངས་རྒྱུར། དུས་ཚོད་ནི་ཧ་ཅང་མགྱོགས་ཏེ། 2014ལོ་ཚར་ནས་2015ལོར་བསླེབ་ལ་ཉེ། ལོ་རྙིང་བ་ཕར་བསྐྱལ་ཏེ་ལོ་གསར་བ་ཚུར་བསུ་བའི་དུས་སྐབས་འདི་ལ། ངས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མི། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་གནས་སོ་སོའི་གྲོགས་པོ་རྣམ་པར་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།
   2014ལོ་ནི་བརྗེད་དཀའ་བའི་ལོ་ཞིག་ཡིན་ཏེ། ལོ་འདི་ལ་ང་ཚོས་བརྩོན་སེམས་ལྷོད་མེད་ཀྱིས་བཅོས་སྒྱུར་སྤེལ་བ་དང་། དཀའ་ངལ་ཆེན་པོ་མི་ཉུང་བ་ཁྱད་དུ་བསལ་ནས། བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། བཅོས་སྒྱུར་གྱི་བྱེད་ཐབས་མང་པོ་མི་སེར་གྱི་ཁེ་ཕན་དང་དམ་དུ་འབྲེལ་ཡོད། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་སྲོལ་གསར་བར་བསྟུན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བས། མི་དམངས་ཀྱི་འཚོ་བར་ལེགས་བཅོས་གསར་བ་བྱུང་། ལྷོ་ཆུ་བྱང་འདྲེན་གྱི་ལམ་དབུས་མའི་དུས་སྐབས་དང་བོའི་བཟོ་སྐྲུན་གྱིས་དངོས་སུ་ཆུ་འདྲེན་མགོ་བརྩམས་པ་དང་། ལམ་རྒྱུད་ཀྱི་མི་འབུམ་བཞི་ལྷག་གནས་སྤར་ནས། བཟོ་སྐྲུན་འདིའི་ཆེད་དུ་བྱས་རྗེས་ཕངས་མེད་བཞག་པས། ང་ཚོས་ཁོ་ཚོར་གུས་འདུད་ཞུ་དགོས་ལ། ཁོ་ཚོས་ཁྱིམ་གཞི་གསར་བ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུའི་སྨོན་འདུན་ཞུ། ལོ་འདི་ལ། ང་ཚོས་སྒྲིག་སྲོལ་ཡོ་བསྲང་ལེགས་བཅོས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་སྲོལ་ངན་བཅས་གཙོ་བོར་བཟུང་ནས་ངོ་རྒོལ་བྱས་པས། གནས་ཚུལ་སྔར་ལས་ཧ་ཅང་ཇེ་བཟང་དུ་སོང་ཡོད། ང་ཚོས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ཤུགས་ཚད་ཇེ་ཆེར་བཏང་བ་དང་། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པར་རུལ་སུངས་པར་ཆད་པ་ནན་མོ་བཅད་པ་དེས་རུལ་སུངས་ངོ་རྒོལ་དང་མི་ངན་ཚར་གཅོད་ཀྱི་ཆོད་སེམས་བརྟན་པོ་མཚོན་ཡོད། ལོ་འདི་ལ་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་འགྲོ་འོང་ལ་ཤུགས་བསྣན་པ་དང་། པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བསྡུས་ལ། རང་རྒྱལ་གྱི་མགོ་ཁྲིད་པ་ཐེངས་མང་བོར་ཕྱི་རྒྱལ་ལ་འཚམས་འདྲིར་སོང་བ་དང་། ཕྱི་རྒྱལ་གྱི་མགོ་ཁྲིད་པ་མང་བོ་ཡང་ཀྲུང་གོར་འཚམས་འདྲིར་ཡོང་བས། བྱ་འགུལ་འདི་དག་གིས་འཛམ་གླིང་གིས་ཀྲུང་གོར་རྒྱུས་ལོན་སྔར་ལས་བཟང་བོ་བྱེད་དུ་བཅུག
   བྱ་བ་འདི་དག་བསྒྲུབས་པར་ང་ཚོའི་རིམ་པ་སོ་སོའི་ལས་བྱེད་པས་འབད་འཐབ་ཆེན་པོ་བྱས་ཡོད། ཡིན་ནའང་མི་དམངས་ཀྱི་རྒྱབ་སྐྱོར་མེད་ན། བྱ་བ་འདི་དག་བཟང་བོར་བསྒྲུབ་ཐབས་མེད་པས། ངས་ང་ཚོའི་རླབས་ཆེ་བའི་མི་དམངས་ལ་བསྟོད་པའི་མཐེ་བོང་སྒྲེང་བ་ཡིན།
   ལོ་འདི་ལ། ང་ཚོས་བཅའ་ཁྲིམས་ལ་བརྟེན་ནས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་གི་རྒྱལ་ཁ་བླངས་པར་རྗེས་དྲན་ཞུ་བའི་ཉིན་མོ་དང་། སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ། ནན་ཅིན་དམར་གསོད་ཆེན་མོའི་འདས་པོར་རྒྱལ་ཁབ་ཐུན་མོང་གིས་འདས་མཆོད་སྒྲུབ་པའི་ཉིན་མོ་བཅས་གཏན་ལ་ཕབ་སྟེ། བྱ་འགུལ་དེ་དག་གཟབ་རྒྱས་ངང་སྤེལ་ཡོད། དུས་རབས་ཇི་ལྟར་འགྱུར་ན་ཡང་། རྒྱལ་ཁབ་དང་མི་རིགས། ཞི་བདེ་བཅས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་མི་རྣམས་ཀྱི་མཛད་རྗེས་ནི་ང་ཚོས་ནམ་ཡང་སེམས་ལ་འཛིན་དགོས།
  ལོ་འདི་ལ། ང་ཚོར་ཡིད་སྐྱོ་བའི་དོན་དག་འགའ་ཡང་བྱུང་མྱོང་སྟེ། མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་MH370རྟགས་ཅན་གྱི་གནམ་གྲུ་བོར་ནས་སྤུན་ཟླ་150ལྷག་གར་སོང་ཤེས་མེད། ང་ཚོས་ཁོ་ཚོ་གཏན་ནས་བརྗེད་མེད་པ་དང་། ངེས་པར་དུ་མུ་མཐུད་འབད་བརྩོན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོ་འཚོལ་དགོས། ལོ་འདི་ལ། རང་རྒྱལ་དུ་རང་བྱུང་གནོད་འཚེ་དང་བདེ་འཇགས་དོན་རྐྱེན་ཚབས་ཆེན་འགའ་བྱུང་ནས། སྤུན་ཟླ་མང་བོ་སྟབས་མ་ལེགས་པར་ང་ཚོ་དང་གཏན་དུ་གྱེས། ཡུན་ནན་ལུའུ་ཏེན་ས་འགུལ་ཁྲོད་ནས་མི་600ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ང་ཚོས་ཁོ་ཚོར་རྗེས་དྲན་བྱེད་བཞིན་ཡོད་ལ།
  ཅུང་ཙམ་གྱིས་ལོ་སར་གྱི་ཅོང་བརྡ་གྲག་རྒྱུ་རེད། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། མི་དམངས་ཀྱི་རེ་སྒུག་དེ་ང་ཚོའི་འགུལ་ཤུགས་སུ་བསྒྱུར་དགོས་པ་དང་། མི་དམངས་ཀྱི་ཕུགས་བསམ་དེ་འཚོ་བའི་དོན་དངོས་སུ་བསྒྱུར་དགོས། ང་ཚོས་མུ་མཐུད་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས་ཏེ། འཕངས་པའི་མདའ་ལ་ཕྱིར་འཛིན་མེད་ཅེས་པ་བཞིན་དུ་བཅོས་སྒྱུར་གྱི་རྒྱལ་ཁ་ནི་སྙིང་རུས་ཅན་ལ་དབང་ངེས། ང་ཚོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བཅས་བྱེད་དགོས། ང་ཚོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དེ་གཉིས་འདབ་ཆགས་འཕུར་བྱེད་ཀྱི་གཤོག་ཟུང་དང་ཤིང་རྟ་བགྲོད་བྱེད་ཀྱི་འཁོར་ལོ་གཉིས་ལྟ་བུར་འགྱུར་བར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པ་བྱེད་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏང་དགོས།
    རང་རྒྱལ་མི་དམངས་ཀྱི་འཚོ་བའི་སྤྱིའི་ཆུ་ཚད་ཇེ་བཟང་ནས་ཇེ་བཟང་ཡིན་ནའང་། ང་ཚོས་ནམ་ཡིན་ཡང་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དེ་དག་སེམས་ལ་འཛིན་དགོས། ང་ཚོས་སྤྲོ་སེམས་འཁོལ་བོས་དམངས་འཚོའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་དང་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ། ཞིང་སྡེའི་དབུལ་ཕོངས་མི་གྲངས་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་སོགས་རོགས་རམ་མཁོ་བའི་མི་ཡོད་ཚད་ཀྱི་འཚོ་བར་འགན་སྲུང་ཐོབ་པ་དང་སེམས་ལ་དྲོད་ཁོལ་འཁྱིལ་བར་བྱ་དགོས།
    ང་ཚོས་མུ་མཐུད་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱོད་ཚུལ་བསྒྱུར་བ། རུལ་སུངས་ངོ་རྒོལ་གྱི་དཔའ་དར་མཐོ་རུ་འཕྱར་བ། ལམ་ལུགས་ཀྱི་གཟེབ་དྲ་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནས། རུལ་སུངས་པ་གཅིག་བྱུང་ན་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། རུལ་སུངས་པ་ཡོད་ན་ངེས་པར་དུ་ཁྲིམས་ཆད་གཅོད་པ་དང་། ལྐོག་ཟ་མཁན་བྱུང་ན་ངེས་པར་དུ་གཙང་སེལ་བྱ་དགོས།
    ང་ཚོས་གཉེར་བཞིན་པའི་ལས་དོན་ནི་རླབས་པོ་ཆེ་ཡིན་པས། བློ་བརྟན་འགྱུར་མེད་ཡིན་ན་ད་གཟོད་རྒྱལ་ཁ་ཐོབ་ཐུབ་པ་མ་གཏོགས། ལས་མཐའ་མ་འཁྱོལ་ན་དོན་དག་གཅིག་ཀྱང་འགྲུབ་ཐབས་མེད། ང་ཚོའི་འཆར་གཞི་ནི་རྔམ་བརྗིད་ཆེ་ཞིང་། ང་ཚོའི་འབད་བརྩོན་ལ་དཀའ་ཚེགས་ཆེ་བ་ཤ་སྟག་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་བློ་གྲོས་གཅིག་ཏུ་བསྡུས་ནས་གོ་སྐབས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དམངས་སེམས་གཅིག་ཏུ་སྒྲིལ་ནས་འགྲན་རྩོད་ལ་ཁ་གཏད་འཇལ་བ། ནོར་འཁྲུལ་ཡོངས་སུ་བསྒྱུར་ནས་དཀའ་གནད་སེལ་བ་དང་། སྙིང་རུས་ཆེ་རུ་བསྐྱེད་ནས་གསར་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་གཏང་དགོས། །
ཀྲུང་གོ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་མདུན་ལམ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། འཛམ་གླིང་གི་མདུན་ལམ་ལ་མཐོང་ཆེན་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་ལ་རིམས་ནད་ཨེ་པོ་ལཱ་བྱུང་རྗེས་ང་ཚོས་དེར་རོགས་རམ་བྱས་པ་དང་། མར་ཏེ་ཝུན་གྱི་རྒྱལ་སར་བཏུང་ཆུ་ཆད་རྗེས། ང་ཚོས་དེར་རོགས་སྐྱོར་བྱས་པ་ཡིན། འདི་དང་འདི་ལྟ་བུའི་འགུལ་སྐྱོད་ལས་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འདུན་པ་མཚོན་ཡོད། དེང་སྐབས་འཛམ་གླིང་སྔར་བཞིན་ཧ་ཅང་ཞོད་འཇགས་མིན་པས། ང་ཚོས་ཞི་བདེའི་རེ་འབོད་བཏོན་པ་ཡིན་ལ། ངས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་པ་བྱས་ཏེ། མི་དམངས་ཡོངས་རྫོགས་ལ་ལྟོགས་གྲང་གི་སྡུག་བསྔལ་མེད་པ་དང་། ཁྱིམ་ཚང་ཡོད་ཚད་དམག་འཁྲུག་གི་འཇིགས་སྣང་དང་བྲལ་བ། བྱིས་པ་ཐམས་ཅད་ཞི་བདེའི་འོད་སྣང་འོག་ཏུ་འཚར་ལོངས་འབྱུང་བའི་རེ་བ་སྙིང་ནས་ཞུའོ་ཞེས་གསུངས། །
 
  • ལེ་ཚན་སྔོན་མ།:ལི་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་ནགས་ཀྱི་སྐྱེ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།