མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-11
སྤྱི་ཟླ4བའི་བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ4བའི་ཚེས9ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་སྐུ་ཞབས་ཙུང་ཐུང་ལགས་ནི་སྐབས་གསར་བའི་ཀྲུང་གོ་སྲིད་གཞུང་བཙུགས་རྗེས་སྣེ་ལེན་བྱས་པའི་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་མགོ་གཙོ་ཐོག་མ་ཡིན་ལ། པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉིད་དང་གླེང་མོལ་གལ་ཆེན་མཛད། ཀྲུང་གོ་དང་ཧྥུན་ལན་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དུས་རྟག་ཏུ་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་བྱུང་། གསར་སྐྲུན་ལ་ཡར་སྐུལ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ལྟ་བ་རེད། ཕྱོགས་གཉིས་ཀས་སྲོལ་རྒྱུན་མཉམ་ལས་ཀྱི་རྨང་གཞིའི་སྟེང་། ཚན་རྩལ་ཞིབ་འཇུག་དང་གསར་སྤེལ། གསར་སྐྲུན་ཇུས་འགོད་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ན། ཧྥུན་ལན་གྱི་འཕེལ་རྒྱས་ལས་གཞི་གཙོ་བོ་དང་ཀྲུང་གོའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན་བར་ཟུང་འབྲེལ་ལེགས་པོ་བྱེད་པར་མདུན་ལམ་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀས་སྒོ་འབྱེད་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ། ཉོ་ཚོང་དང་དངུལ་གཏོང། ཁེ་ལས་བར་གྱི་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཧྥུན་ལན་གཉིས་ཀྱི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་དེ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་གཉིས་ཕན་མཉམ་རྒྱལ་མཉམ་ལས་ཀྱི་མིག་དཔེར་འགྱུར་བར་བྱེད་དགོས་ཞེས་གསུངས།
ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་གཙིགས་འཛིན་བྱེད་པ་དང་། ཡོ་རོབ་གླིང་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་གི་བུ་ལོན་གནད་དོན་ཐག་གཅོད་པ་དང་། འཕར་སྣོན་ལ་ཡར་སྐུལ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་སྲིད་ཅེས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10