ཞི་ཅིན་ཕེན་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-10

ཞི་ཅིན་ཕེན་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་བ།
 

སྤྱི་ཟླ4བའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧེ་ནན་པོ་ཨོ་ནས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།པོ་ཨོ་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་དེ་སྤྱི་ཟླ4བའི་ཚེས7ཉིན་གྱི་སྔ་དྲོར་ཧེ་ནན་ཞིང་ཆེན་གྱི་པོ་ཨོ་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་།

    ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས། ཐུན་མོང་གི་འཕེལ་རྒྱས་ནི་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་ཡིན་ལ། ང་ཚོས་ངེས་པར་དུ་ལས་དབང་འདྲ་མཚུངས་ཀྱི་འདུ་ཤེས་བརྟན་པོར་འཛིན་པ་དང་། དུས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ་དང་། ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཨེ་ཤ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་རྒྱུན་ཆད་མེད་པར་རིམ་པ་གསར་བར་བསླེབ་པར་ཡར་སྐུལ་གཏོང་དགོས་ཞེས་ནན་གྱིས་བསྟན།

    སྤྲོ་བ་འཕེལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕེན་གསུང་བཤད་སྟེགས་བུར་ཕེབས་ཏེ། ཁ་ཡིག་ལ་མཉམ་དུ་ཨེ་ཤ་ཡ་དང་འཛམ་གླིང་གི་ལྟ་ན་སྡུག་པའི་འབྱུང་འགྱུར་བསྐྲུན་དགོས་ཞེས་གསུང་བཤད་གནང་།

    ཞི་ཅིན་ཕེན་གྱིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཚོགས་འདུར་ཞུགས་པའི་སྐུ་མགྲོན་ལ་དགའ་བསུ་དང་། ལོ་ཚོགས་ཚོགས་པར་རྟེན་འབྲེལ་ཞུས།

    ཞི་ཅིན་ཕེན་གྱིས་ད་ལྟའི་རྒྱལ་སྤྱིའི་གནས་བབ་ལ་མུ་མཐུད་དུ་འགྱུར་ལྡོག་ཟབ་མོ་འབྱུང་གིན་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་ཀྱི་འཕེལ་སྟངས་སྔར་ལས་ཇེ་མགྱོགས་རེད། དེ་དང་མཉམ་དུ། འཛམ་གླིང་སྔར་བཞིན་ཧ་ཅང་ཞི་འཇགས་མིན་པ་དང་། འཕེལ་རྒྱས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་ཟབ་མོ་བྱེད་པའི་དུས་ལ་སླེབ་ཡོད་པས། རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི། ལས་འགན་ལྗིད་ལ་ལམ་ཐག་རིང་བ་ཞིག་རེད་ཅེས་བསྟན།

    ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཨེ་ཤ་ཡ་ནི་ད་ལྟ་འཛམ་གླིང་སྟེང་འཕེལ་རྒྱས་སྟོབས་ཤུགས་ཆེས་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་དང་འཕར་སྣོན་འབྱུང་བའི་སྒུལ་ཤུགས་སུ་གྱུར་ཡོད་པས། ཉེ་བའི་ལོ་འགར་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་བཞག་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ། ཡིན་ཡང་། ཨེ་ཤ་ཡ་སྔར་བཞིན་དཀའ་ཁག་དང་འགྲན་རྩོད་མི་ཉུང་བར་འཕྲད་ཡོད་པ་དེའང་ང་ཚོས་གསལ་བོར་རྟོགས་དགོས། ཨེ་ཤ་ཡའི་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། དཀའ་གནད་སེལ་ཅི་ཐུབ་བྱེད་དགོས་ལ། ས་ཁུལ་དང་རྒྱལ་ཁབ་ཀྱི་ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཉམ་དུ་འབད་བརྩོན་བྱས་ན། རང་ས་ཁུལ་ཡུན་རིང་བོར་བདེ་འཇགས་ཡོང་ཐུབ། ཕན་ཚུན་གྱི་བཟོད་སྒོམ་ཇེ་དྲག་ཏུ་གཏོང་བ་དང་། གྲོས་ཁ་གཅིག་མཐུན། མཉམ་ལས་ཟབ་མོ་བཅས་བྱས་ན། ཕྱོགས་སོ་སོའི་ཁེ་ཕན་མཐུན་སྦྱོར་ཡོང་བ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒྲིག་ལུགས་ད་གཟོད་ཆགས་ཐུབ་ཅེས་ནན་གྱིས་གསུངས།

    ཞི་ཅིན་ཕེན་གྱིས་མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པ་དང་། རྒྱལ་ཁབ་སོ་སོ་གོ་ལ་གཅིག་གི་སྟེང་དུ་གནས་ཡོད། ང་ཚོས་ངེས་པར་དུ་ལས་དབང་འདྲ་མཚུངས་ཀྱི་འདུ་ཤེས་བཟུང་ནས། ཨེ་ཤ་ཡ་དང་འཛམ་གླིང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ཞེས་བསྟན།

    ཞི་ཅིན་ཕེན་གྱིས་མཇུག་མཐར་ཨེ་ཤ་ཡ་དང་འཛམ་གླིང་ཞི་བས་འཕེལ་རྒྱས་དང་། མཉམ་ལས་མཉམ་རྒྱལ་གྱི་ལས་དོན་ནི་གཅིག་རྗེས་མཉིས་མཐུད་དུ་སྒྲུབ་དགོས། ཀྲུང་གོས་གླིང་ཆེན་ལྔའི་གྲོགས་པོ་དང་ལྷན་དུ་འབད་བརྩོན་བྱས་ཏེ། མཉམ་དུ་ཨེ་ཤ་ཡ་དང་འཛམ་གླིང་གི་ལྟ་ན་སྡུག་པའི་འབྱུང་འགྱུར་བསྐྲུན་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

    པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་ཧྥུན་ཐེན་ཁང་ཧྥུའུ་ཡིས་དགའ་བསུའི་ཤིས་ཚིག་ཕུལ། །


 

  • ལེ་ཚན་སྔོན་མ།:གཟི་རྩ་སྡེ་དགུ་རྫོང་གི་ཤང་དང་གྲོང་བརྡལ17གྱིས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཕྱི་ལྟེ་གནས་འཛུགས་རྒྱུ་ཡ
  • ལེ་ཚན་རྗེས་མ།:ནུབ་བྱང་མི་རིགས་སློབ་ཆེན་དུ“འགྲན་སློང་བུམ་པ”ཞེས་པའི་དཔྱད་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།