མཚོ་སྔོན་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་ཚོད་ལྟའི་ངང་སྤེལ་ཟིན།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-04-02
ཟླ3པའི་ཚེས28ཉིན། མཚོ་སྔོན་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་དངོས་སུ་ལེགས་འགྲུབ་བྱུང་ཞིང་ཚོད་ལྟའི་སྒོ་ནས་སྤེལ། འདིས་མཚོ་སྔོན་ཞིང་ཆེན་བོད་རིགས་མི་དམངས་ཀྱིས་ཆ་འཕྲིན་ལེགས་པོ་ཀློག་ཐུབ་པར་སྨྱན་བྱད་གསར་བའི་སྟེགས་བུ་བསྐྲུན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་ནི་སྨྱན་བྱད་གསར་བའི་ཐོན་ཁུངས་ཀྱི་ཁྱད་འཕགས་རང་བཞིན་བེད་སྤྱད་དེ་གཙོ་ཆེར་བོད་རིགས་མི་དམངས་ལ་སྟབས་བདེ་དང་ཕན་འབྲས་ལྡན་པའི་ཆ་འཕྲིན་དྲིལ་སྒྲོག་གི་སྟེགས་བུ་ཞིག་བསྐྲུན་པ་ཡིན་ཞིང་། ལག་འཁྱེར་ཁ་པར་གྱི་གསར་འགྱུར་ལ་ཞིང་ཆེན་ནང་ཁུལ་དང་རྒྱལ་ནང་དང་རྒྱལ་སྤྱིའི་གལ་ཆེའི་གསར་འགྱུར་དང་། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས། ཞིང་ཕྱུགས་ས་ཁུལ་དུ་སྤྱོད་སྒོ་ཆེ་བའི་ཆ་འཕྲིན། མི་རིགས་ཀྱི་རིག་གནས་སྒྱུ་རྩལ། ཁྲིམས་ལུགས་དང་ཁྲིམས་སྲོལ་སོགས་ལེ་ཚན་དུ་མ་འདུས།
མཚོ་སྔོན་གྱི་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་ནི་མཚོ་སྔོན་ཞིང་ཆེན་གྱིས་བོད་ཡིག་ཚགས་པར་དང་། བརྙན་འཕྲིན། རྒྱང་སྒྲོག དྲ་རྒྱ་སོགས་སྨྱན་བྱད་ཀྱི་རྗེས་སུ་སྤེལ་བའི་ཁྱབ་སྒྲོག་སྨྱན་བྱད་གསར་བ་ཞིག་ཡིན་ཞིང་། དེར་སྒྲ་དང་། པར་རིས། རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་གི་བོད་ཡིག་ཡིག་གཟུགས་སྤྱད་ཡོད་སྟབས་བོད་རིགས་མང་ཚོགས་ཀྱི་ལྟ་ཀློག་དང་འཚམ་ལ། བོད་ཀྱི་རིག་གནས་ཁྱད་ཆོས་ཀྱང་མངོན་པར་མཚོན་ཡོད།
ཚོད་ལྟའི་ངང་སྤེལ་བའི་དུས་སྐབས་ནང་། རྩོམ་སྒྲིག་པས་རྣམ་པ་ཚོའི་བསམ་འཆར་དང་འདོད་བློ་བསྡུ་ལེན་སྒོས་མུ་མཐུད་དུ་ལེགས་བཅོས་བྱས་ཏེ་གང་ནུས་ཀྱིས་མང་ཚོགས་རྣམས་ཀྱི་དགོས་མཁོ་སྐོང་ངེས།