སི་ཁྲོན་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཤར་གཏོང་ཐུབ་པ།

    མི་དམངས་ཉིན་རེའི་ཚགས་པར།    2012-12-03

ལོ་གསུམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད“5·12”དབུན་ཁྲོན་གྱི་ས་ཡོམ་ཚབས་ཆེན་གྱི་གནོད་འཚེ་ཐོན་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་སྟེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་ཡིན་པའི་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་ཡོངས་ཉེ་སྔོན་བཟོ་བསྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

    དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཏུའུ་ཅང་གཡན་ནས་འགོ་བཙུགས་ཏེ་མཇུག་དབྱིན་ཤིའུ་མྱུར་བགྲོད་གཞུང་ལམ་གི་ལུང་ཞི་ཕུག་ལམ་གྱི་ཐོན་སྒོ་བར་ཡིན་ཞིང་།དབྱིན་ཤིའུ་དང་།ཡིང་ཤིན།ཐའོ་ཀོན།ཚའོ་ཕའོ།མེན་ཧུའུ།ཡུས་ལུང་བཅས་བརྒྱུད་ནས་དབུན་ཁྲོན་རྫོང་གི་ཧྥུང་ཕིན་པ་བར་དང་བསྐྲུན་རྩིས་ཡོད་པའི་དབུན་ཁྲོན་ནས་འབར་ཁམས་ཀྱི་མྱུར་བགྲོད་གཞུང་ལམ་དང་མཐུད་རྒྱུ་ཡིན་པར་རིང་ཚད་སྤྱི་ལེ48.27ཡོད་པའི་གཞུང་ལམ་དེར་ཕྱོགས་གཉིས་ལ་འཁོར་ལམ་བཞི་བྱས་ཏེ་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ80ཡི་ཇུས་འགོད་བྱས་ཡོད།ལམ་ཡོངས་ལ་ཟམ་པ་དང་ཕུག་ལམ་གྱིས་བཟུང་ཚད76.3%ཟིན་པའི་ནང་ཆེས་ཆེ་བའི་ཟམ་ཆེན1དང་།ཟམ་ཆེན32 ཟམ་འབྲིང་ཆུང6 ཕུག་ལམ9བཅས་ཡོད་པར་རགས་རྩིས་བྱས་ན་མ་རྩ་སྒོར་དུང་ཕྱུར49.91བཏང་ཡོད་པ་དང་མྱུར་བགྲོད་གཞུང་ལམ་དེ་2009ལོའི་ཟླ་5ཚེས་9ཉིན་ལས་འགོ་བཙུགས་པ་རེད།

    ས་ཡོམ་ཆེན་པོ་བརྒྱབ་ནས་སྐྱོན་ཚབས་ཆེན་ཤོར་བའི་འཛམ་གླིང་ཐོག་གི་མྱུར་བགྲོད་གཞུང་ལམ་དང་པོ་དབྱིན་ཤུའོ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་ཅིང་།ཨར་ལས་བྱེད་རིང་ས་ཡོམ་གྱི་གནོད་འཚེ་ཡང་ཡང་ཐོན་པ་དང་།འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བསྟུད་མར་ཕོག་པ།ལས་གྲྭ་འཛུགས་སྐྲུན་གྱི་ཆ་རྐྱེན་ཧ་ཅང་ཞན་པ།ཁོར་ཡུག་གི་ཐེག་ནུས་ཞན་པ།ལམ་རྒྱུད་ཀྱི་ས་གཤིས་གྲུབ་ཆ་རྙོག་འཛིན་ཆེ་བ་བཅས་ཀྱི་འགྲན་སློང་ཆེ་ཁག་ལྔ་འཕྲད་ཡོད།སྔར་བྱུང་མྱོང་མེད་པའི་ཚོད་བགམ་ནན་པོ་ལ་ཁ་གཏད་གཅོག་སྐབས་ལས་ཞུགས་ཚན་པ་ཡོངས་དང་འཛུགས་སྐྲུན་པ་བྱིངས་ནས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་ཆེན་དང“ཚན་རིག་དང་མཐུན་པའི་འཆར་འགོད་དང་།འགག་སྒྲོལ་ཁྱད་བསད།འཆི་རྒྱུར་མི་སྐྲག་པ།ངོ་མཚར་གཏོད་ཕོད་པ”བཅས་ཀྱི་ཏུའུ་དབུན་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་བ་དང་།དཀའ་གནད་རབ་དང་རིམ་པ་མང་པོ་དཔའ་ངར་ཆེན་པོས་ཁྱད་བསད་བྱས་པས་ལས་གྲྭའི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་གྲུབ་སྟེ་འཛམ་གླིང་ཐོག་ས་ཡོམ་ཆེན་པོས་སྐྱོན་ཚབས་ཆེན་བཟོས་པའི་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ངོ་མཚར་ཐེངས་དང་པོ་བཏོད་ཡོད།

    དབྱིན་ཤུའོ་ཡི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་དབུན་ཁྲོན་ནས་ཁྲེང་ཏུའུ་བར་སྐར་མ90ལས་མི་འགོར་བས་དབུན་ཁྲོན་དུ་འགྲོ་སའི“སྲོག་རྩའི་ལམ”ཨང་གཉིས་པར་འགྱུར་རྒྱུ་ཡིན་པ་དེ་ཁྲེང་ཏུའུ་དང་དབུན་ཁྲོན་བར་གྱི་འབྲེལ་བ་སྔར་ལས་ཟབ་ཏུ་དང་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་རེད།   །

སི་ཁྲོན་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞ
 
འདི་ནི་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དུ་འཁེལ་བའི་ཡིང་ཞིན་ཤང་གི་འཛུལ་སྒོ་ཡིན་པ།
  • ལེ་ཚན་སྔོན་མ།:《གངས་རིའི་བརྩེ་མདངས》ཞེས་པ་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དཔེ་ཚོགས་སུ་ཚུད།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཨེ་ཙི་ནད་འགོག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།