《གངས་རིའི་བརྩེ་མདངས》ཞེས་པ་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དཔེ་ཚོགས་སུ་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-30

ཉེ་ལམ། རྨ་ལྷོ་ཁུལ་གྱི་བོད་རིགས་རྩོམ་པ་པོ་སྙན་བཟང་ཡུམ་སྐྱབས་རྒྱལ་གྱིས་བརྩམས་པའི《གངས་རིའི་བརྩེ་མདངས》ཞེས་པ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། མ་ཟད་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་དང་འགན་སྒྲུབ་གནང་བའི་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་འཆར་བཀོད་ཀྱི་དཔེ་ཚོགས་སུ་ཚུད། 《གངས་རིའི་བརྩེ་མདངས》ཞེས་པར་བསྡོམས་པས་ཁག་ལྔ་ཡོད་དེ། རྩོམ་རིག་དང་། དམངས་སྲོལ། ལོ་རྒྱུས། ཆོས་ལུགས། སློབ་གསོ་བཅས་ཡིན།
         རྩོམ་པ་པོ་སྙན་བཟང་ཡུམ་སྐྱབས་རྒྱལ་གྱིས1992ལོ་ནས་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་བྱས་ཏེ། 《ཀྲུང་གོའི་བོད་རིག་པ》དང་། 《བོད་ལྗོངས་ཞིབ་འཇུག》 《སྦྲང་ཆར》། 《མཚོ་སྔོན་པོ》སོགས་དུས་དེབ་ཏུ་སྙན་ངག་དང་ལྷུག་རྩོམ།  སྙན་ཞུ་རྩོམ་རིག  བརྩམས་སྒྲུང་། དཔྱད་རྩོམ་སོགས་རྩོམ་རིག350ལྷག་སྤེལ་མྱོང་ལ། སྔ་གཞུག་ཏུ《གངས་ཀྱི་རྨི་ལམ》སོགས་ཆེད་དཔེ7པར་བསྐྲུན་བྱས་པ་དང་དེ་ལས་ཆེད་དཔེ་ཁ་ཤས་རྒྱ་ཡིག་དང་དབྱིན་ཇིའི་སྐད་དུ་བསྒྱུར་ཡོད་ཅིང་ཞིང་ཆེན་ཕྱི་ནང་དུ་དགའ་རྟགས་གང་མང་ཐོབ་མྱོང་། ཁོང་གི་ལྷུག་རྩོམ《སྤྲིན་གསེབ་ཀྱི་སྡེ་གྲོང》དང་སྙན་ངག《ཁུ་བྱུག་གི་གསུང་དབྱངས་སྐྱ་བོ》གཉིས་ནུབ་བྱང་ཞིང་ཁུལ་ལྔའི་མི་རིགས་སློབ་ཆེན་གྱི་བོད་ཡིག་བསླབ་གཞི་རུ་བདམས་ལ། 《བོད་རིགས་ཀྱི་དེང་རབས་རྩོམ་རིག》ཅེས་པ་དང་། 《གངས་ཀྱི་རྨི་ལམ》། 《དར་ལྕོག་དམར་པོ》བཅས་སོ་སོར་མཚོ་སྔོན་ཞིང་ཆེན་སྐབས་བཞི་བ་དང་། སྐབས་ལྔ་བ། སྐབས་དྲུག་པ་བཅས་ཀྱི་རིག་རྩལ་གསར་རྩོམ་གྱི་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ། 2011ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིག་རྩལ་ཤེས་ཡོན་པར་བདམས་པ་མ་ཟད། རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཕུལ་བྱུང་རྩེར་སོན་ཤེས་ལྡན་པར་བདམས་པ་རེད།
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེ
  • ལེ་ཚན་རྗེས་མ།:སི་ཁྲོན་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞ
  • དོ་སྣང་ཆེ་བའི་རྩོམ།