མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-10-15
འུན་ཤིང་ཀོང་ཇོའི་གཏམ་རྒྱུད་ལ་ཚང་མར་ཆ་རྒྱུས་ཡོད་དེ། ལོ་ངོ་སྟོང་གཅིག་དང་སུམ་བརྒྱའི་ཡར་སྔོན་དུ། རྒྱ་བོད་མི་རིགས་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་གོང་འཕེལ་གཏོང་བ་དང་། མཐའ་མཚམས་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད། འུན་ཤིང་ཀོང་ཇོ་ཁྲང་ཨན་ནས་ལམ་ལ་ཆས་པ་དང་། ལམ་བར་ནས་དཀའ་སྡུག་གང་མང་མྱངས་ཏེ་ལོ་ངོ་གསུམ་གྱི་དུས་ཡུན་འགོར་རྗེས། ད་གཟོད་མཚོ་སྔོན་ས་ཆ་ནས་བཙན་པོ་སྲོང་བཙན་སྒམ་པོ་དང་ཞལ་མཇལ་བྱུང་བ་དེ་ནི། ལོ་ངོ་སྟོང་ཕྲག་མང་བོར་དར་ཁྱབ་བྱུང་བའི་ཁ་བའི་ལྗོངས་ཀྱི་གཏམ་རྒྱུད་སྙན་མོ་ཞིག་ཏུ་གྱུར་ཡོད་ལ། རྒྱ་བོད་རིག་གནས་འབྲེལ་འདྲིས་ལོ་རྒྱུས་བརྗོད་པའི་སྙན་སྒྲུང་རིང་མོ་ཞིག་ཀྱང་ཡིན།
«འུན་ཤིང་ཀོང་ཇོ»ཞེས་པའི་ཟློས་གར་ཁྲོད་ཀྱི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་རོལ་དབྱངས་སྒྲིག་སྦྱོར་བྱས་པར་འགྱུར་ཁུག་ཡོད་ཅིང་སྙན་འཇེབས་ལྡན་ལ། སྤྱིའི་སྒྱུ་རྩལ་ཀྱི་ཁྱད་ཆོས་ཐད་ནས་བརྗིད་ཆགས་ཤིང་ཞིབ་ཚགས་འཇམ་མཉེན་ལྡན་པ་ཞིག་རེད། ཕྱིར་མཚོན་རྣམ་པ་དང་སྒྱུ་རྩལ་ཐབས་ལམ་ཐད་ནས་གསར་དུ་བརྟག་དཔྱད་འཚོལ་ཞིབ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རྒྱུ་ཆ་འབོར་ཆེན་ནང་འདྲེན་བྱས་ཡོད་པས། སྒྱུ་རྩལ་རྣམ་པ་སྣ་རྐྱང་གི་བཀག་རྒྱ་ལས་བརྒལ་ཏེ། བོད་ཀྱི་དམངས་ཁྲོད་ཀྱི་ཨ་དཀར་རྡུང་བ་དང་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་པ་སོགས་རྣམ་པ་སྣ་མང་བསྡུས་ཡོད་ལ། རོལ་དབྱངས་དང་ཞབས་བྲོ། ཟློས་གར། གླུ་དབྱངས་ལེན་པ་སོགས་སྒྱུ་རྩལ་རྣམ་པ་སྣ་མང་གཅིག་ཏུ་འབྲེལ་ཡོད་པར་མ་ཟད། ཚད་མཐོ་བའི་ལག་རྩལ་སོགས་བཀོལ་ནས་ལྟད་མོ་བ་ཚོར་མིག་དབང་དང་རྣ་དབང་གི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཏེ། སྔོན་དང་མི་འདྲ་བའི་སྒྱུ་རྩལ་རྣམ་པ་གསར་རྐྱང་ཞིག་ལ་རོལ་མྱོང་བྱེད་དུ་བཅུག་ཡོད།
མི་ཚོར་བག་ཆགས་ཆེས་ཟབ་མོ་བཞག་ཡོད་པ་ནི། ཟློས་གར་གྱི་མགོ་མཇུག་བར་གསུམ་དུ་འབྲེལ་ཡོད་པའི་འུན་ཤིང་ཀོང་ཇོའི་བརྩེ་བ་ཟབ་མོ་དེ་རེད། ཁོ་མོའི་གཉེན་ཉེ་སྤུན་ཟླར་བཅངས་བའི་བརྩེ་བ་དང་། རང་ཉིད་ཀྱི་ཕ་ཡུལ་དང་འབྲལ་མི་ཕོད་པའི་བརྩེ་བ། ལམ་བར་ནས་ཕ་ཡུལ་དྲན་བའི་བརྩེ་སེམས། སྲོང་བཙན་སྒམ་པོར་བཅངས་བའི་ལྷད་མེད་ཀྱི་བརྩེ་དུང་ཟབ་མོ། བོད་རིགས་མང་ཚོགས་ལ་བཅངས་བའི་བརྩེ་སེམས། གནམ་འོག་གི་སྐྱེ་འགྲོ་ཡོངས་ལ་བཅངས་བའི་སྙིང་རྗེའི་སེམས་པ་སོགས། འུན་ཤིང་ཀོང་ཇོའི་སྒམ་ཡངས་བའི་ཁོག་རྒྱ་དང་འགྲོ་བ་ཡོངས་ཀྱི་དོན་ལ་དམིགས་པའི་རླབས་ཆེན་གྱི་བརྩེ་སེམས་སོགས་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་བྱས་ཏེ། ལྟད་མོ་བ་ཚོའི་སེམས་ཁོངས་སུ་བརྩེ་བ་དྲོན་མོ་དང་ངོ་མཚར་ཧང་སངས་དགོས་པའི་སྣང་ཚུལ་བཀོད་ཡོད།
བོད་ལྗོངས་ལ་བརྗིད་ཆགས་ངོ་མཚར་བའི་རང་བྱུང་མཛེས་ལྗོངས་ཡོད་པ་དང་། ལོ་རྒྱུས་རིག་གནས་ཡུན་རིང་གཏིང་ཟབ་ལྡན་པ་སོགས་ཀྱིས། སྙན་སྒྲུང་རོལ་དབྱངས་ཟློས་གར་འདི་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པས། ཟློས་གར་ཁང་དུ་སླེབས་མཁན་གྱི་ལྟད་མོ་བ་ཚང་མའི་ཡིད་དབང་ལོ་ངོ་སྟོང་ཕྲག་རིང་དུ་དར་ཁྱབ་བྱུང་བའི་མི་རིགས་མཐུན་སྒྲིལ་ལ་བསྟོད་བསྔགས་བྱེད་པའི་ཟློས་གར་འཁྲབ་སྟོན་འདིས་དབང་མེད་དུ་བཀུགས་འགྲོ་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10