བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འགན་སྲུང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

བོད་ལྗོངས་རླུང་འཕྲིན་དྲ་བ།        2012-10-15

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2008ལོའི་ཚུན་དུ། རང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཚན་པས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་ལས་ཀའི་དམིགས་ཚད་དང་ལས་འགན་ལ་གཞིགས་ནས། བོད་ཀྱི་ཁྱད་ཆོས་ལྡན་པ་དང་བང་རིམ་མང་བའི་སྡོད་ཁང་འགན་སྲུང་མ་ལག་གི་ལས་ཀའི་བསམ་ཕྱོགས་རིམ་བཞིན་གཏོད་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྟེ་བར་གཞིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དོན་དངོས་དང་བསྟུན་པ། འགན་ནུས་འདོན་སྤེལ་བྱེད་པ་བཅས་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་པས་རང་ལྗོངས་ཀྱི་སྡོད་ཁང་འགན་སྲུང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད།

    ལོ་ལྔའི་ནང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གནས་ས་དང་། རྫོང74ཁང་གླ་ཁེ་བའི་བོགས་གཏོང་ཁང་པ14000ལྷག་ཙམ་བརྒྱབ་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར15.21བཏང་བ་དང་ཆབས་ཅིག ཁང་གླ་ཁེ་བའི་བོགས་གཏོང་ཁང་པ་བརྒྱབ་ནས་གྲོང་ཁྱེར(གྲོང་རྡལ)གྱི་ཡོང་འབབ་དམའ་བ་དང་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང14000ལྷག་ཙམ་དང་། མི་གྲངས་ཁྲི5ཙམ་གྱི་སྡོད་ཁང་གི་དཀའ་གནད་སེལ་བ་དང༌། བོགས་གཏོང་ཁང་པའི་ཁ་གསབ་སྤྲོད་པའི་བྱ་ཐབས་བཟུང་བ་བརྒྱུད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བ་དང་སྡོད་ཁང་གི་དཀའ་ངལ་ཡོད་པའི་མི་གཅིག་རང་དང་། མི་གཉིས་ཀྱི་ཁྱིམ་ཚང9000ལྷག་ཙམ་དང་མི་གྲངས10000ལྷག་ཙམ་གྱི་སྡོད་ཁང་གི་དཀའ་གནད་ཐག་གཅོད་བྱས་ཡོད་པ་རེད།

    རང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཚན་པས་རྒྱལ་ཁབ་ནས་མ་འཇོག་བྱེད་རྒྱུ་བརྩོན་ལེན་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་མ་དངུལ་གྲབས་གསོག་བྱེད་པ། ཚན་པས་མ་དངུལ་རང་གྲབས་བྱེད་པ་བཅས་ཀྱི་བྱ་ཐབས་བཟུང་བ་བརྒྱུད། འཁོར་རྒྱུག་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་དང་། ལྷག་པར་དུ་རྫོང་དང་ཤང་གི་ལས་བྱེད་པ་དང་ལས་བཟོ་པའི་འཁོར་རྒྱུག་སྡོད་ཁང་མཁོ་སྤྲོད་ཀྱི་འགལ་ཟླ་ཞི་ལྷོད་དུ་བཏང་བ་རེད།

    ལོ་ལྔའི་ནང་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར15དང་། རང་སྐྱོང་ལྗོངས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར14ཙམ་བརྩོན་ལེན་བྱས་ནས། སྔ་ཕྱི་བསྡོམས་འཁོར་རྒྱུག་སྡོད་ཁང21900བརྒྱབ་པ་དང་། ཨར་སྐྲུན་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ155.56ཟིན་ནས་ལས་བྱེད་པ་དང་ལས་བཟོ་པའི་འཁོར་རྒྱུག་སྡོད་ཁང་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་སྤྱི་པའི་བོགས་གཏོང་ཁང་པ་རྒྱག་ཤུགས་ཆེ་རུ་བཏང་བ་དང༌ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར3.18བཏང་ནས། སྤྱི་པའི་བོགས་གཏོང་ཁང་པ3200གསར་རྒྱག་དང་ཉོ་སྒྲུབ་བྱས་པ་དང༌། སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར1.55བཏང་ནས་འཁོར་རྒྱུག་ཁང་པ4900བསྒྱུར་བཟོ་བྱས་པ། སྡོད་ཁང་སྐྱོ་ཁུལ་བསྒྱུར་བཅོས་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར1.14གྲབས་གསོག་བྱས་ཏེ། དུད་ཚང10447དང་། རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ121.6ཟིན་པའི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཟོ་བྱས་པ་བཅས་རེད།

    སྤྱི་ལོ2012ལོ་བར་རང་ལྗོངས་ཀྱི་གཞུང་ཁོངས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ་དང་ཞིང་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ། ནགས་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་བཅས་བསྒྱུར་བཟོ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པ་དང་། གྲོང་ཁྱེར(གྲོང་རྡལ)གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཟོའི་ལས་དོན་སྤྱི་ལོ2015ལོའི་ལོ་མཇུག་གོང་ལེགས་སྒྲུབ་ཡོང་བ་བྱེད་རྒྱུ་རེད།   །

 
  • ལེ་ཚན་སྔོན་མ།:ཅཱ་ཆིན་ལིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:སྙན་སྒྲུང་རོལ་དབྱངས་ཀྱི་ཟློས་གར་ཆེན་མོ་«འུན་ཤིང་ཀོང་ཇོ»ཞེས་པ་པེ་ཅིང་ནས་ཐོག་དང་པོར་འཁྲབ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།