བོད་ལྗོངས་ཀྱི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མའི་ནང་བཅུ་ཆ་བདུན་དེ་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་ཡིན།
མིག་དམར་གྱིས་བསྒྱུར། 2014-06-12
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ6པའི་ཚེས6ཉིན་འབྱོར་བའི་གཏམ་གསར།བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་རྒྱུར།བོད་ལྗོངས་སུ་ད་ལོའི་མཐོ་རྒྱུགས་ལ་ཞུགས་མཁན་ལྗོངས་ནང་གི་སློབ་མ19625ཡོད་ཅིང་།དེའི་ནང་ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཐོ་ཡིན་པའི་སློབ་མ12126ཡོད་པས་སྤྱིར་བཏང་གི་མཐོ་རྒྱུགས་སློབ་མའི་བརྒྱ་ཆ71ལ་ཟིན་པ་རེད།
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རྒྱུགས་སྤྲོད་ཁང་གི་ཡོན་ཀྲང་ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་ལྟར་ན།ལྗོངས་ཡོངས་སུ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ19625ཡོད་ཅིང་།དེའི་ནང་སྤྱིར་བཏང་མཐོ་འབྲིང་གི་མཐོ་རྒྱུགས་སློབ་མ16961ཡོད།དམག་མི་དང་ཉེན་རྟོག་པའི་རྒྱུགས་སྤྲོད་བྱེད་མཁན་སློབ་མ704ཡོད།ཁ་གཏད་མཐོ་རིམ་ཆེད་ལས་སློབ་གྲྭའི་རིགས་ལ་རྒྱུགས་སྤྲོད་བྱེད་མཁན་སློབ་མ1960ཡོད་པ་རེད།སྤྱིར་བཏང་གི་མཐོ་འབྲིང་རྒྱུགས་སྤྲོད་བྱེད་མཁན་སློབ་མའི་ནང་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་བྱེད་མཁན་སློབ་མ15124ཡོད་པ་དང་རྒྱ་རིགས་རྒྱུགས་སྤྲོད་སློབ་མ1837ཡོད།ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཐོ་ཡིན་པའི་རྒྱུགས་སྤྲོད་སློབ་མ12126ཡོད།གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོ་ཡིན་པའི་རྒྱུགས་སྤྲོད་སློབ་མ4835ཡོད་པས་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་དེ་སྤྱིར་བཏང་མཐོ་འབྲིང་གི་རྒྱུགས་སྤྲོད་བྱེད་མཁན་མི་གྲངས་ཀྱི་བརྒྱ་ཆ71ལ་ཟིན་པ་རེད།
བོད་སྐད་ཡིག་ནི་བོད་ལྗོངས་རང་ཉིད་ཀྱིས་རྒྱུགས་ཤོག་བསྒྲིགས་ཆོག་པའི་ཚན་པ་ཡིན་པ་དང་།2013ལོར་བོད་ལྗོངས་ཀྱིས་མཐོ་འབྲིང་ལོ་རིམ་གསུམ་པར་སློབ་ཁྲིད་བྱེད་མཁན་གྱི་ཕུལ་བྱུང་དགེ་རྒན་བདམས་ནས་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཨང་དང་པོའི་བོད་ཡིག་མཐོ་རྒྱུགས་ཀྱི་རྒྱུགས་ལེན་རྩ་གནད་དང་རྒྱུགས་ལེན་གསལ་བཤད་བརྩམས་པར་སྒྲིག་འཛུགས་བྱས་ཡོད།ད་ལོར་བོད་ལྗོངས་ཀྱིས་ནན་ཏན་གྱིས་མཐོ་རྒྱུགས་རྒྱུགས་ཤོག་སྒྲིག་པའི་ལས་ཀའི་བླང་བྱ་ལྟར་མཐོ་རྒྱུགས་ཀྱི་བོད་ཡིག་རྒྱུགས་ཤོག་སྒྲིག་པའི་ལས་ཀ་བསྒྲུབས་ཡོད་པ་རེད།
2013ལོར།བོད་ལྗོངས་སུ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཁྱོན་བསྡོམས18949ཡོད་ཅིང་།སློབ་མ་གསར་པ་ཁྱོན་བསྡོམས13289བསྡུས་ཡོད།དེའི་ནང་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་དེ་སློབ་མ་གསར་པ་བསྡུས་པའི་བསྡོམས་འབོར་གྱི་བརྒྱ་ཆ66ལ་ཟིན་པ་རེད།