ཟླ5བའི་ཚེས18ཉིན་ནི“རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ”ཡིན་ཞིང་།བོད་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའམ།བོད་སྐྱོར་ལས་བྱེད་པ་སྐོར་ཁག་བདུན་པའི་སྤྱི་ཁྱབ་མགོ་ཁྲིད་ཝང་ཧྥིན་ཁྲའོ་ཡིས་བོད་སྐྱོར་ལས་བྱེད་པ་བཅུ་ཁ་ཁྲིད་དེ་ལྷ་སའི་བྱིས་པ་ལོང་བའི་སློབ་གྲྭ་རུ་སོང་ནས་དབང་བོ་སྐྱོན་ཅན་གྱི་བྱིས་པར་མཚམས་འདྲི་བྱས་བ་མ་ཟད་ཁོང་ཚོར་སློབ་སྦྱོང་གི་ཡོ་བྱེད་སོགས་ལེགས་སྐྱེས་སུ་ཕུལ།
བོད་ལྗོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་གཞོན་པ་དབང་ཅན་གུ་རུ་ཡིས་བཤད་རྒྱུར།ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་བསྡོམས་པས་དབང་བོ་སྐྱོན་ཅན་མི་ཐེངས775ལ་གསོ་སྦྱོང་བྱས་ཤིང་།དབང་བོ་སྐྱོན་ཅན67.7%ལས་ལ་ཞུགས་ཡོད།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ།བོད་ལྗོངས་ཀྱི་གྲོང་རྡལ་དུ་དབང་བོ་སྐྱོན་ཅན་མི2000ལས་ལ་ཞུགས་ཤིང་།ཞིང་སྡེའི་དབང་བོ་སྐྱོན་ཅན་མི8000ལས་ལ་ཞུགས་ཡོད།དེ་མིན་དབང་བོ་སྐྱོན་ཅན་ལ་འཚམས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྒྱ་བསྐྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར། །