ཞིང་ལས་པུའུ་ཡིས་གྲོང་ཁྱེར་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་སྐབས་ཞིང་པའི་ས་ཞིང་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་རེ་འདུན་བཏོན།
གངས་སྐྱིད་ཀྱིས་བསྒྱུར། 2014-05-08
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ4པའི་ཚེས28ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ཞིང་ལས་པུའུ་ཡི་པུའུ་ཀྲང་ཧན་ཁྲང་པིང་གིས་བཤད་རྒྱུར། གྲོང་ཁྱེར་ཆེན་པོ་ནི་རང་རྒྱལ་གྲོང་རྡལ་ཅན་དུ་འཕེལ་རྒྱས་གཏང་རྒྱུ་གལ་ཆེའི་རྒྱབ་རྟེན་ཡིན་པས། རྒྱ་བསྐྱེད་གཏོང་ཚད་མགྱོ གས་མྱུར་དང་། རྨོ་ཞིང་བཟུང་ཚད་མང་བ། གྲོང་ཚོ་གྲོང་རྡལ་ཅན་དུ་བསྒྱུར་བཅོས་བྱེད་ཁྱོན་ཅུང་ཙམ་ཆེན་བ། ས་ཆ་བསྡུ་ལེན་བྱེད་པའི་འགལ་བ་མངོན་གསལ་དོད་པོ་ཡིན་པ་རེད། དེར་བརྟེན་ཞིང་པའི་ས་ཞིང་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་མ་ལག་འཛུགས་སྐྱོང་བྱ་རྒྱུའི་ལས་འགན་ཨང་དང་པོ་བྱེད་དགོས།
ཧན་ཁྲང་པིང་གིས་བཤད་དོན། ས་ཞིང་འཁོར་རྒྱུག་དང་གཞི་ཁྱོན་ཅན་གྱི་བདག་གཉེར་བྱེད་སྐབས་ཞིང་པའི་འདོད་བློར་བརྩི་བཀུར་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་རང་མོས་དང་རིན་དོན་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་བཙན་ཤེད་ཀྱིས་སྐུལ་འདེད་དང་། གཞན་འགན་ཚབ་སྒྲུབ་བྱེད་མི་ཉན། སྲིད་གཞུང་གིས་གཙོ་བོས་ཁྲིད་སྟོན་དང་ཞབས་འདེགས་ཞུ་བའི་ལས་ཀ་ཡག་པོ་སྒྲུབ་དགོས་ཤིང་། ས་ཞིང་འཁོར་རྒྱུག་གི་ཚོང་ར་མགྱོ གས་པོ་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཞིང་འཁོར་རྒྱུག་བྱེད་པ་དེ་སྤྱི་ཡོངས་ཀྱི་ཚོང་རའི་ཐོག་འདྲ་མཉམ་དང་། གཞུང་དྲང་། ཚད་ལྡན་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་པའི་འདོད་བློ་དང་མི་འགལ། ཞིང་པའི་ཁེ་ཕན་ལ་གནོད་མི་སྐྱེལ་བ། ས་ཞིང་སྤྱོད་ཐབས་འགྱུར་ལྡོག་མི་བྱེད་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ལ་གཏོར་བཤིག་མི་གཏོང་བ་བཅས་ཡོང་བར་ཁག་ཐེག་ནན་པོ་བྱེད་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་འབྲེལ་བ་སྲ་བརྟན་བྱས་པའི་རྨང་གཞིའི་ཐོག་བདག་གཉེར་བྱེད་དབང་དང་། འགན་གཙང་ལེན་གྱི་དབང་ཆ། བདག་གཉེར་དབང་ཆ་གསུམ་ཁག་ཕྱེས་པའི་ནང་རྐྱེན་འཛུགས་པར་འཚོལ་ཞིབ་བྱེད་དགོས་པ་དེ་རེད། ཐུན་མོང་གི་བདག་གཉེར་བྱེད་དབང་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་དུད་ཀྱིས་འགན་གཙང་ལེན་བྱེད་པའི་དབང་ཆ་བརྟན་པོ་བྱེད་དགོས། ས་ཞིང་བདག་གཉེར་བྱེད་དབང་འཁྲུག་པོ་ཡོང་བ་བཅས་བྱེད་དགོས་པ་རེད།