གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།(4)
ཐུབ་བསྟན་ཕུན་ཚོགས། 2010-09-08
ཉམ་ཆུང་གི་རིགས་ལ་བྱམས་སྐྱོང་བྱེད་དགོས་པའི་ཚུལ་དང༌། སྒེར་དྲག་བཙན་རྣམས་སོ་སོའི་གཏན་ཚིགས་ཁུངས་ཐུབ་ཡོད་ན་མ་གཏོགས་ཚོ་ཁྲལ་ཇོ་རགས་ཀྱིས་མཚོན་པའི་འཁྲི་བབས་རྣམས་འབྲེལ་གང་ཡོད་བཞིན་བསྒྲུབ་འཇུག་པ་ལས་ངོ་འཛིན་དང་བརྔན་པ་མི་གཏོང་བ་སོགས་དཔོན་རིགས་ཀྱི་ལས་ཀ་རྣམས་ཀྱི་སྐོར་གཏན་ལ་ཕབ་པའི་ཁྲིམས་ཡིག་ཡིན།
བཅུ་གཉིས་པ། གསོལ་གཟིམ་ཕྱག་ཚང་པས་མཚོན་པའི་ནང་སྐོར་གྱི་བགྱི་བ་ནི། སྐུ་མདུན་དུ་ལས་ཀ་བྱེད་པ་རྣམས་ཀྱིས་དུས་རྒྱུན་ལས་ཀ་བྱེད་སྟངས་སངས་དོ་སྣང་བྱེད་དགོས་པའི་སྐོར་ཏེ། ནང་འཁོར་གྱི་ནང་དུ་དབྱེན་དཀྲུག་གི་སྐད་ཆ་མི་བཤད་པ་དང༌། འདི་ཕྱི་བསམ་པའི་བློ་གཙང་གི་བྱེད་སྒོ་ལས་རང་རྐུ་གཞན་སྟེར་གྱི་རིགས་མི་བྱེད་པ་དང༌། དམིགས་བསལ་བྱུང་ན་མ་གཏོགས་གན་མཛོད་དུ་ཟླ་བོ་མེད་པར་ཁེར་རྐྱང་དུ་ལས་མི་བྱེད་པ་དང༌། སྐུ་ཆས་ན་བཟའ་ལ་གཅེས་སྤྲས་དགོས་ཚུལ་སོགས་ཀྱི་སྐོར་ཡིན།
བཅུ་གསུམ་པ། བཟོ་རིགས་ ་ལག་དང་བཅས་པའི་དོ་དམ་པའི་བགྱི་བ་ནི། གཞུང་གི་ལས་དོན་ལེགས་འགྲུབ་ཡོང་བའི་སྐུལ་སློང་བྱེད་རྒྱུ་དང༌། བཟོ་རིགས་ཀྱི་རྒྱུ་ཆ་རྣམས་ལ་དོ་དམ་ལེགས་པར་བྱེད་ཚུལ། བཟོ་རིགས་པའི་ལས་ཀ་བྱེད་སྟངས་དང་དུས་ཚོད་ལ་དོ་དམ་བྱེད་རྒྱུ་སོགས་ཀྱི་སྐོར་ཡིན།
བཅུ་བཞི་པ། སྡོམ་གཅོད་པའམ་འགག་པ་རྣམས་ཀྱི་འོས་འགན་སྐོར་ལ། ལྷག་བསམ་རྣམ་དག་དང་དཀའ་ངལ་ཁྱད་བསད་ཀྱི་སྒོ་ནས་གོང་ས་མཆོག་གི་གཟིམ་ཤག་སྲུང་སྐྱོབ་བྱེད་རྒྱུ་དང༌། སྐུ་མདུན་དུ་མཇལ་ཁ་ཞུ་མི་རྣམས་མངགས་གཏོང་དང༌། བཀའ་སྡོམ་བྱེད་ཚུལ། དྲུང་འཁོར་རྣམས་ཀྱི་སྡོད་ལུགས་རང་རང་གི་གོ་གནས་བསྟུན་པའི་བཀོད་སྒྲིག་བྱེད་རྒྱུ། སྐུ་མདུན་དུ་མཇལ་མཁན་རྣམས་ལ་སྲུང་བྱ་གཏན་འབེབས་བྱས་པ་རྣམས་ནན་ཏན་སྲུང་དུ་འཇུག་པ་སོགས་སྐུ་སྲུང་གི་བྱ་བ་རྣམས་ལེགས་པར་སྒྲུབ་དགོས་པའི་སྐོར།
བཅོ་ལྔ་པ། དཀོར་གཉེར་དུ་གཏོགས་པ་རྣམས་ཀྱིས་བགྱི་འོས་ནི། ལྷ་ལྡན་གཙུག་ལག་ཁང་གཙོ་བོར་བྱས་པའི་དགོན་སྡེ་ཁག་གི་གཙུག་ལག་ཁང་མཆོད་ཁང་དུ་འདི་ཕྱིའི་དོན་དུ་གཞན་གྱི་ཕུལ་རིགས་རང་གི་བེད་སྤྱོད་དང༌། གཞན་ལ་སྟེར་བ། སྤུས་ཀ་བརྗེ་བ་སོགས་མི་བྱེད། དཀར་མེ་འདི་ཚན་ཆེ་བས་མེ་ཡིས་ཉེན་ཆེ་བས་བག་ཟོན་གྱིས་རྒྱུན་དུ་ཐོན་པ་སྡོད་དགོས་པ་དང༌། མཆོད་མཇལ་དབུལ་པོ་དད་ཅན་རྣམས་བཀག་ཆ་མེད་པར་གཏོང་ཞིང༌། དགོས་མེད་དུ་རྒྱག་རྡུང་ཚན་ཆེ་བ་མི་བྱེད། སྒོག་བཙོང་དང་ཐ་མ་ཁ་སོགས་དྲི་མི་ཞིམ་པ་ལོངས་སྤྱད་ནས་སྐུ་གསུང་ཐུགས་རྟེན་བཞུགས་ཡུལ་དུ་འགྲོ་བ་བཀག་འགོག་བྱེད་རྒྱུ་སོགས་ལྷ་གཉེར་རམ་དཀོར་གཉེར་པ་རྣམས་ཀྱིས་བསྒྲུབ་བྱ་སྐོར་ཡིན།
བཅུ་དྲུག་པ། བྱང་རིགས་ཀྱི་རྡ་རོ་ཁ་དང༌། རྩྭ་ཤིང༌། ཁང་པ། གདན་སོགས་ཕྲན་ཚེགས་ཀྱི་གཉེར་པའི་འོས་འགན་ནི། སོག་པོ་ལ་སོགས་བྱང་རིགས་ཀྱི་འགོ་མི་རྣམས་ཀྱིས་བསྲུང་བྱའི་སྒྲིག་ཁྲིམས་སྐོར་དང༌། རྩྭ་ཤིང་གི་ཁྲལ་བསྡུ་བའི་ལས་འགན་སྒྲུབ་སྟངས། ཁང་པ་བདག་གཉེར་བྱེད་ཚུལ། གདན་ཆས་ལ་དོ་དམ་བྱེད་ཚུལ་སོགས་ཀྱི་འོས་འགན་གཏན་འབེབས་བྱས་པའི་སྐོར་རྣམས་ཡིན།
བཅུ་བདུན་པ། ཕྱོགས་སུ་མངགས་པའི་ཚོང་དཔོན་དང་གསེར་ཡིག་པའི་འོས་འགན་སྐོར་ལ། ཚོང་དཔོན་གྱིས་ཚོང་ལས་བྱེད་སྐབས་ཆུད་ཟོས་དང་གྲོན་བརླག་མེད་པར་རང་གི་རྒྱུ་ནོར་ལྟར་ཁེ་སྐྱེད་གང་རགས་དང་བདག་གཉེར་ལེགས་པོར་བྱེད་དགོས་པའི་སྐོར་དང་གསེར་ཡིག་པའི་རིགས་ལམ་དུ་དགོས་མེད་ཀྱི་འགོར་གཞི་ཆུང་ཞིང༌། རང་གི་ཉེར་མཁོའི་ཟོག་དང་ཚོང་ལ་མ་གཡེངས་པར་གཞུང་དོན་གང་ཡིན་རྩོལ་ཅག་གི་ཐོན་པ་དང༌། གོང་མ་རྒྱལ་པོས་མཚོན་པའི་ཕྱོགས་མཐའི་རྒྱལ་ཁག་རྣམས་ལ་ཐོག་མར་བཀའ་ཤོག་སྤྲད་ཅིང༌།
དེ་རྗེས་གསེར་ཡིག་པ་རང་གི་བཟོ་སྒོ་དང་འབུལ་རིགས་རྣམས་བྱེད་དགོས་པ་སོགས་ཚོང་དཔོན་དང་འཕྲིན་ཡིག་པས་སྲུང་དགོས་རིགས་གཏན་འབེབས་བྱས་པ་ཞིག་ཡིན།
བཅོ་བརྒྱད་པ། ཡོང་སྡུད་པའི་རིམ་པ་ནི། འདི་ནི་ཞིང་པའི་ཡོང་འབབ་ཞིང་པའི་འབྲུ་ཁྲལ་བསྡུ་རྒྱུའི་ལས་ཀ་ཞིག་སྟེ། དེ་ཡང་སོ་སོའི་འབྱོར་པའི་འཁོས་དང་བསྟུན་ནས་དབུལ་པོ་མེད་ངེས་པ་བཙན་འདེད་མི་བྱེད་པ་ནམ་འཕྲོད་དང༌། འབྱོར་པ་ཡོད་ནས་ངན་ཁྲེབ་བྱེད་མཁན་ལ་དེ་ལམ་དུ་བཞག་ན་མི་འཐུས་པས་འདེད་དྲག་གཏོང་བ། དགོས་མེད་ཀྱི་མི་སེར་ལ་གཟན་རྒྱག་གི་རིགས་མི་བྱེད་པ
ཉེ་འགྱངས་དང་ཕྱོགས་ལྷུང་མི་བྱེད་པ་སོགས་ལོ་ལྟར་འབྲུ་ཁྲལ་བསྡུ་སྟངས་སྐོར་གྱི་རྩ་དོན་གཏན་འབེབས་བྱས་པ་ཞིག་ཡིན།