གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།
ཐུབ་བསྟན་ཕུན་ཚོགས། 2010-09-08
གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།
མངའ་རིས་སྐོར་གསུམ་སླར་ཡང་དབང་དུ་བྱས་པ། རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ནས་ཕྱིར་བོད་དུ་ཕེབས་པ་དང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་དུ་གཙང་པ་རྒྱལ་པོའི་རྗེས་འབྲངས་རྣམས་མུ་མཐུད་ནས་རྩ་མེད་གཏོང་བ་དང༌། ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གཏན་འབེབས་གནང༌། སྲིད་འཛིན་གྱི་ལས་ཁུངས་འགའ་ཞིག་གསར་དུ་བཙུགས། སྔར་གྱི་ལས་ཚན་བཅུ་གསུམ་གཞི་བཞག་གི་ཐོག་ཏུ་ལས་ཚན་འགའ་ཞིག་གསར་དུ་བསྐོ་བཞག་གནང༌། དེ་དག་གི་གོ་གནས་ལ་གཞིགས་པའི་ཆས་གོས། ཐོབ་ཐང༌། ལས་འགན་བཅས་ཀྱི་སྐོར་གཏན་འབེབས་གནང༌། དགེ་ལུགས་པའི་དགོན་སྡེ་ཁག་ལ་ཆོས་གཞིས་དང་མི་སེར་མང་པོ་གནང་བར་མ་ཟད། ཆབ་སྲིད་ཀྱི་ཐད་ནས་དབང་སྒྱུར་བྱེད་པའི་གོ་གནས་ཆེན་པོ་ཐོབ། སྤྱི་ལོ་1654པའི་ཤིང་རྟ་ལོར་རྒྱལ་དབང་ལྔ་པ་ཆེན་པོ་དང་སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་གཙང་ཕྱོགས་སོགས་གཙང་པ་རྒྱལ་པོ་དང་འབྲེལ་ཆེ་བའི་ས་གནས་ཁག་ལ་སྐོར་ཞིབ་གནང་བ་དང༌། དུས་མཚུངས་དགའ་ལྡན་ཕོ་བྲང་གི་རྩ་ཁྲིམས་ལ་བརྩི་བཀུར་བྱེད་དགོས་པའི་སྐོར་གྱི་དྲིལ་བསྒྲགས་རྒྱ་ཆེར་གནང༌། དུས་དེར་གུ་ཤྲི་ཧན་ལ་གློ་བུར་དུ་ནད་ཅིག་ཕོག་སྟབས་ལྷ་སར་ཕྱིར་ལོགལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གུ་ཤྲི་ཧན་གྲོངས། རྒྱལ་དབང་ལྔ་པ་ཆེན་པོ་སྐུ་དབང་བཙན་པའི་སྟབས་ཀྱིས་སྐབས་དེར་སོག་པོས་བོད་དུ་འཛིན་པའི་དམིགས་བསལ་གྱི་དབང་ཆ་དེ་རིམ་བཞིན་ཤོར། གུ་ཤྲི་ཧན་གྱི་བུ་དར་ཡན་རྒྱལ་པོ་ཡིད་མ་རངས་པར་གྱུར་ཀྱང༌། རྒྱལ་དབང་ལྔ་པ་ཆེན་པོའི་མཁྱེན་དཔྱོད་དང་སྲིད་ཐབས་ལ་འགྲན་མ་ནུས་པས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང༌། དེ་ནས་གུ་ཤྲིའི་རྒྱུད་པ་དང་བོད་ཀྱི་དཔོན་རིགས་རྣམས་ཀྱི་བར་འགལ་བ་བྱུང༌། སོག་པོས་དམག་དོན་ཀྱི་དབང་ཆ་མཐའ་གཅིག་ཏུ་བཟུང་ནས་འདམ་གཞུང་དང༌། མལ་གྲོ་སོགས་འགག་རྩའི་ས་གནས་ཁག་ལ་རྟ་དམག་བཅའ་སྡོད་བྱས། འོན་ཀྱང་སོག་རིགས་རང་ལ་ནང་འགལ་ཆེ་བ་བྱུང་སྟེ་ཕན་ཚུན་དམག་འཁྲུག་བརྒྱབ། སྤྱི་ལོ་1658པའི་ས་ཁྱི་ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྲོངས། དུས་དེར་བོད་ཀྱི་གནས་ཚུལ་རྙོག་འཛིང་ཆེ་སྟབས་རྒྱལ་དབང་ལྔ་པ་ཆེན་པོ་རང་ཉིད་ཀྱིས་ཆོས་སྲིད་གཉིས་ཀྱི་དབང་ཆ་གཙོ་བོ་བཟུང༌། སྤྱི་ལོ་1660པའི་ལྕགས་བྱི་ལོར་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲིར་བཀོད། སྤྱི་ལོ་1668པའི་ས་སྤྲེལ་ལོར་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་ཚེ་ལས་འདས་པ་དང༌། སླར་ཡང་ལྔ་པ་ཆེན་པོ་རང་ཉིད་ཀྱིས་ཆོས་སྲིད་གཉིས་ཀ་སྐྱོང་བར་གནང༌། དེའི་ཕྱི་ལོར་མཆོད་དཔོན་བློ་བཟང་མཐུ་སྟོབས་སྡེ་སྲིད་ལ་བསྐོ་བཞག་གནང༌། དུས་དེར་འབྲུལ་ཡུལ་དང་འཁྲུག་པ་ཐེངས་གཉིས་ཙམ་བརྒྱབ། གཞུང་ལ་རྒྱལ་ཁ་ཐོབ།