གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།(2)
ཐུབ་བསྟན་ཕུན་ཚོགས། 2010-09-08
སྤྱི་ལོ་1674པའི་ཤིང་སྟག་ལོར་བློ་བཟང་མཐུ་སྟོབས་སྡེ་སྲིད་ཀྱི་ཁྲི་ལས་བཏོན་ཏེ་གོང་དཀར་དུ་སྡོད་དུ་བཅུག སེར་འབྲས་དྲུང་སྤྱི་བཅས་ཀྱིས་ཞུ་འབུལ་ལན་མང་གནང་བ་ལ་བརྟེན་སྡེ་སྲིད་ཟུར་པའི་གོ་གནས་དང༌། ཟངས་རིའི་ས་གཞིས་རྣམས་གནང་བས་ཡུལ་དེར་བཞུགས། དེའི་ཕྱི་ལོར་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོ་བཞག་མཛད་ཀྱང་སྐུ་ན་གཞོན་པའི་སྟབས་ཀྱིས་དགོངས་པ་ཞུས། གནང་བ་ཐོབ། སྣེ་གདོང་པ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ་སྡེ་སྲིད་ལ་བསྐོ་བཞག་གནང༌། སྤྱི་ལོ་1679པའི་ས་ལུག་ལོར་སྡེ་སྲིད་བློ་བཟང་སྦྱིན་པས་དགོངས་པ་ཞུས། སྐུ་སྐལ་དུ་སྣེ་གདོང་སྩལ། ལོ་དེའི་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། དེ་ནས་གུ་ཤྲི་ཧན་གྱི་གདུང་རྒྱུད་དང་བོད་ཀྱི་དཔོན་རིགས་བར་འགལ་བ་ཇེ་ཆེར་ཕྱིན། དུས་དེ་ཙམ་ཞིག་ནས་ལ་དྭགས་ཀྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་ཚར་བཅད་ནས་མངའ་རིས་སྐོར་གསུམ་དབང་དུ་བསྡུས། སྤྱིར་མངའ་རིས་སྐོར་གསུམ་གྱི་ཡུལ་ལྗོངས་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་ཆེན་པོ་བོད་ཀྱི་མངའ་འོག་ཏུ་འདུས་པ་དང༌། དེ་ནས་བཙན་པོའི་གདུང་རྒྱུད་རྣམས་ཀྱིས་དབང་སྒྱུར་བྱས་ནས་དུས་ཡུན་རིང་པོ་སོང་ཡང༌། རྒྱལ་དབང་ལྔ་པ་ཆེན་པོ་སྲིད་ཁྲིར་འཁོད་ནས་ཡུན་རིང་ཙམ་སོང་བ་ན་ལ་དྭགས་ཀྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་ཟེར་བ་དེས་ཡུལ་དེའི་དགེ་ལུགས་པའི་དགོན་པ་ཁག་ལ་དམིགས་བསལ་གྱི་དབང་ཆ་མི་སྤྲོད་པར།
དེ་དག་ལ་མགོ་གནོན་བྱེད་པའི་བྱ་བ་མང་པོ་བྱས་པ་ལ་རྒྱལ་དབང་ལྔ་པ་ཆེན་པོས་བོད་སོག་གི་དམག་དཔུང་མངགས་ནས་སེང་གེ་རྣམ་རྒྱལ་འཁོར་དང་བཅས་པ་ཚར་བཅད་དེ། ཡུལ་དེ་དབང་དུ་བྱས་པའི་ཚུལ་《མི་དབང་རྟོགས་བརྗོད་》ལས། ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་མཆོག་ནས་སོག་པོའི་རྒྱལ་རྒྱུད་དགའ་ལྡན་ཚེ་དབང་བྱ་བ་དད་པ་དང་སྙིང་སྟོབས་ཀྱི་གོ་ཆ་བཙན་པ་ཞིག་མཆིས་པ་ཁོང་སྐབས་དེར་བཀྲ་ཤིས་ལྷུན་པོར་ཆོས་སྒོར་ཞུགས་ནས་ཡོད་པ་དེ་ཆེད་དུ་འགུག་འབོད་གནང་སྟེ་མངའ་རིས་སྐོར་གསུམ་དུ་དགེ་ལྡན་བསྟན་པར་འཚེ་བའི་ཚུལ་དེ་དག་བཟློག་པའི་ལས་འགན་ཁུར་དགོས་པ་སོགས་ཀྱི་བྱེད་སྒོའི་སློབ་སྟོན་དང༌། སྲུང་འཁོར། རྟེན་ཐུག་སོགས་ཕྱག་བསྟར་གྱིས་བཀའ་དྲིན་དུ་བསྩལ། དགའ་ལྡན་ཚེ་དབང་གིས་ཀྱང་བཀའ་བཞིན་དང་ལེན་ཞུས་ཤིང༌། དྲག་པོ་དགྲ་འཐབ་ཀྱི་ལས་ལ་གཞུག་དགོས་ཚེ་སྲོག་འཕྲོག་པའི་བྱ་བ་སྨོས་མ་དགོས་སྙམ་ནས་སོ་སོ་ཐར་པའི་བསླབ་སྡོམ་ཡང་མཁན་པོ་ལ་ཕྱིར་ཕུལ་ཏེ་ལམ་དུ་ཆས། དེ་ཡང་བྱང་གནམ་མཚོའི་འགྲམ་བརྒྱུད་ནས་དཔུང་དམག་རྟ་པ་ཉིས་བརྒྱ་ལྔ་བཅུ་ཙམ་ཁྲིད་དེ་རིམ་བཞིའི་བསྐྱོད་ནས་ས་དགར་འབྱོར། ཡུལ་དེའི་འགོ་གཙོ་ཁྲི་བོ་དཀར་པོ་དང་མེས་པོ་ཨ་གསུམ་སོགས་ཀྱིས་ལེགས་པར་བསུས་ཤིང༌། དཔུང་རོགས་མང་པོ་ཡང་ལྷན་ཅིག་ཏུ་ཆས། རིམ་བཞིན་སྐོར་གསུམ་གྱི་ས་ཆ་དང་ཉེ་བར་ཕྱིན་པ་ན་ལ་དྭགས་ཀྱི་སོ་དམག་གིས་མཐོང་སྟེ་དམག་སྒར་དུ་རྒྱུགས་ནས་བོད་དམག་འོང་བའི་གནས་ཚུལ་ཞུས། ལ་དྭགས་རྒྱལ་པོའི་བློན་པོ་གཡུལ་གྱི་ཁ་ལོ་པ་ནོ་ནོ་ཤཱཀྱ་དང༌། སྦྱོར་ར་ཞེས་པ་གཉིས་ཀྱིས་ཁ་ཕོ་ཆེན་པོས་བོད་སོག་གི་དམག་ལྷགས་པ་ནི་གོ་ཆ་དང༌། རྟ་བཟང༌། མཚོན་ཆ་མེའི་འཕྲུལ་འཁོར་སོགས་འབྱོར་བ་ཆེན་པོ་སྐྱེལ་དུ་འོང་བ་ལས། འཇིགས་སྣང་བྱེད་དགོས་དོན་མེད་ཅེས་བཤད། དམག་དཔུང་གི་འགོ་པ་གཞན་ཞིག་སྟེ་ནོ་ནོ་བི་ཛོ་ཀི་བྱ་བས། དམག་འགྱེད་པ་ཁ་ནས་བཤད་པ་སླ་ཡང༌། དངོས་སུ་འཐབ་རྒྱུ་ནི་སླ་བ་མིན།