གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།(3)

ཐུབ་བསྟན་ཕུན་ཚོགས།        2010-09-08


ལྷག་པར་མོང་གོལ་གྱི་དམག་རྣམས་ནི་རྟ་ཐོག་ནས་མདུང་བཟུང་སྟེ་རྒྱུགས་པའི་ཤུགས་དང་མཉམ་དང་བསྣུན་པ་ལ་བྱང་ཆུབ་པ་ཡིན་པས་བདེ་ཐང་དུ་དམག་འཐབ་བྱ་མི་རུང་རང་རེའི་དཔུང་རྣམས་རི་བོའི་ངོས་དང་ཆུ་བྲག་གི་འཕྲང་འགག་སོགས་ས་བཙན་པོ་གཟུང་དགོས་ཞེས་སྨྲས་ཀྱང༌།  དམག་དཔོན་གཞན་ཚོས་མ་ཉན་པར་བོད་སོག་གི་དམག་དཔུང་སར་ཕོ་ཉ་བཏང་ནས།  ཀ་ཡེ་བརླང་པོར་སྤྱོད་པ་ཁྱོད་ཅག་ལ་དྭགས་ཀྱི་རྒྱལ་པོ་ཆེན་པོར་འགྲན་ཟླ་བྱེད་ཕོད་པ་ནི་ལེགས་ཀྱི།  དམག་འཐབ་སྟེ་གལ་ཏེ་ཁྱོད་ཚོ་རྒྱལ་ན་བཞོན་རྟ་ཡང་ཕོ་བྲང་གི་སེང་གེ་སྒོ་མོར་ཐོགས་ཤིག  གལ་ཏེ་ངེད་ཅག་རྒྱལ་བ་ཡིན་ན་བཞོན་རྟ་ཡང་ལྷ་སའི་རྡོ་རིང་ལ་འདོགས་པར་བྱེད་དོ་ཟེར་དཔའ་གཏམ་གྱི་འཕྲིན་སྤྲིངས་སོ།   །  དམག་དཔོན་དགའ་ལྡན་གྱིས་དེ་ལ་ཡ་ལན་མ་བཏབ་པར་ཉིན་དེའི་ཕྱི་མར་ཁོང་རང་ཉིད་ཀྱིས་དམག་སྣ་ཁྲིད་དེ་བོད་སོག་གི་དམག་དཔུང་རྣམས་ཐེ་ཚོམ་མེད་པར་ལ་དྭགས་ཀྱི་དམག་སྒར་དུ་རྒྱུགས་ནས་གཡུལ་བསྲེས་པས་ཕམ་ཉེས་ཆེན་པོར་བཏང༌།  ལ་དྭགས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་ནས་སྤུ་རང་སྟག་ལ་མཁར་དང༌།  རྩ་བྲང་བཀྲ་ཤིས་མཁར་ལ་སོགས་པ་མཁར་རྫོང་བཙན་པོའི་ནང་དུ་འཛུལ་ཏེ་རང་སྲུང་བྱས་ནས་བསྡད།  སོག་པོའི་དཔོན་དམག་རྣམས་བདེ་ཐང་དུ་དམག་འཐབ་བྱེད་པར་མཁས་ཀྱང༌།  མཁར་རྫོང་བཙན་པོ་འབེབས་པ་ལ་ཉམས་མྱོང་མེད་པས་ལན་འགར་འཐབ་ཀྱང་གླགས་མ་རྙེད་པར་ལུས།  སླར་ཡང་ལྷ་ས་ནས་དམག་འཐབ་ཀྱི་བྱ་བར་མྱོང་བྱ་ལྡན་པ་དམག་དཔོན་ངམ་རུ་པ་དང༌།  ཀོང་པོ་ཨ་བོ་བཀྲ་ཤིས།   ཕོ་ལྷ་པ་པད་མ་རྒྱལ་པོ།   དགོན་བླ་མ་འཕྲིན་ལས།  སྟག་རྩེ་རྗེ་དྲུང་བཅས་ཀྱིས་གཙོ་བོ་བྱས་པའི་བོད་དམག་སྟོང་ཕྲག་ལྔ་ཙམ་ཞིག་མྱུར་སྟབས་ཀྱིས་མངའ་རིས་སུ་མངགས་པར་མཛད།  དེ་དག་འབྱོར་ནས་དམག་འཐབ་ཀྱི་གྲོས་སྡུར་བྱས་པར་བློ་གྲོས་གཅིག་མཐུན་ཞིག་མ་བྱུང་ཡང༌། 
མཐར་དམག་དཔོན་དགའ་ལྡན་རང་ཉིད་ཀྱིས་གྲོས་ཐག་བཅད་དེ་དམག་ཤུགས་གཅིག་སྒྲིལ་གྱིས་ལ་དྭགས་ཀྱི་རྒྱལ་ས་སླེལ་རང་ལ་ཐད་ཀར་དཔུང་འཇུག་བྱ་རྒྱུར་གྲོས་འཆམས་ཏེ་དམག་དཔུང་བཏེགས།  ཐོག་མར་རྩ་བྲང་བཀྲ་ཤིས་སྒང་གི་མཁར་རྫོང་དྲག་ཤུགས་ཀྱིས་བླངས་ཐོགརིམ་གྱིས་བཤར་ནས་མཐར་ལ་དྭགས་སླེལ་གྱི་ཉེ་སར་དམག་སྒར་བཏབ།  དེའི་ཚེ་ལ་དྭགས་རྒྱལ་བློན་རྣམས་འཚབ་འཚུབ་ཏུ་གྱུར་ནས་ལྷ་སྲུང་མིའི་ཁོག་ཏུ་བརླམས་པ་ལ་ལུང་ཞུས་པར་ལན་དུ།  དམག་དཔུང་ཕྱིར་ཐོན་ནས་གཡུལ་བཀྱེས་ནས་རྒྱལ་ཁ་འཐོབ་པར་འགྱུར་རོ་ཞེས་བརྗོད་པ་ལྟར།  ལ་དྭགས་ཀྱི་དཔུང་གི་ཚོགས་ཆེན་པོ་ཡང་བྱང་ལ་ཞེས་པའི་ཡུལ་ལྗོངས་སུ་གཡུལ་གཤོམ་པ་ལ་ཆས་པ་ན།  དམག་དཔོན་དགའ་ལྡན་གྱིས་བཀས་བསྒོ་བ་ལྟར་བཀའ་བློན་བུ་ཆུང་དང༌།  པ་རྒྱལ་པོ།   རོག་ཚེ་རིང་འཛིན།   སོག་པོ་ནས་ཐར་བཅས་ཀྱིས་དམག་སྣ་ཁྲིད་དེ་ཚམ་ཚོམ་མེད་པར་གཡུལ་བསྲེས་ནས་ཉིན་མཚན་དུ་འཐབ་པའི་མཐར།  ལ་དྭགས་ཀྱི་རྗེ་བོ་བློན་པོ་དང་བཅས་པ་ཏབ་པོར་ཏི་མུར་སྒང་ཞེས་པའི་བར་དུ་བྲོས་སོ།  །  དེ་ནས་བོད་དམག་གིས་ལ་དྭགས་སླེལ་གྱི་རྒྱལ་ས་བླངས་ནས་དམག་དཔོན་དགའ་ལྡན་གྱི་བཞོན་རྟ་ཡང་ཕོ་བྲང་གི་སེང་གེ་སྒོ་མོར་བཏགས།  བཀའ་བློན་བུ་ཆུང་དང་པ་རྒྱལ་པོ་སོགས་ལ་སླེལ་རྫོང་མཁར་གྱི་བང་མཛོད་ནོར་གྱིས་གང་བ་རེ་རེ་ཡང་དམག་སྟོན་གྱི་བྱ་དགར་བསྩལ་ཏོ། 
 
  • ལེ་ཚན་སྔོན་མ།:ལེའུ་དགུ་པ། དགའ་ལྡན་ཕོ་བྲང་གི་དུས་རབས།
  • ལེ་ཚན་རྗེས་མ།:གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།