གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།(3)

ཐུབ་བསྟན་ཕུན་ཚོགས།        2010-09-08


ཞུ་དོན་ལ་སོ་སོའི་དོན་འབྲས་བསྒྲུབ་ཆེད་གཡོ་ཁྲམ་གྱི་སྒོ་ནས་ཞུ་བ་དང་གསུང་ལན་མི་ཁྱེར་བདམིགས་བསལ་ཅན་གྱི་མི་སྣ་མ་གཏོགས་པའི་གཞན་པའི་སྙན་ཞུ་ཐམས་ཅད་ཕྱོགས་དང་ཉེ་རིང་མེད་པར་གོ་རིམ་སྔ་ཕྱི་ལྟར་བསྒྲིག་དགོས་པ་སོགས་ཀྱི་སྐོར་ཡིན། 
བདུན་པ།   དྲུང་ཡིག་གི་འོས་འགན་སྐོར་ལ།  དྲུང་ཡིག་ཅེས་པ་འཁྲིས་སུ་བཅར་བའི་ཡིག་མཁན་གྱིས་བགྱིད་འོས་ནི།  ཕྱོགས་མཐའ་དག་ནས་ཡོང་བའི་རིགས་མི་འདྲ་བའི་ཞུ་ཡིག་རྣམས་གོང་ལ་སྙན་ཞུ་བྱེད་སྟངས་དང༌། 
དེ་དག་རིམ་པ་ལྟར་ཀློག་ཚུལ།   ནང་དོན་ལ་ཞིབ་བཤེར་བྱེད་སྟངས།   སྐུ་མདུན་ནས་གཏོང་དགོས་ཀྱི་ཡིག་རིགས་རྣམས་གོ་རིམ་དང་རྣམ་པ་མི་འདྲ་བ་རྣམས་སོ་སོའི་འོས་བབ་དང་བསྟུན་ནས་འབྲི་ཚུལ་སོགས་ཀྱི་ཁྲིམས་ཡིག་སྐོར་ཡིན། 
བརྒྱད་པ།    དངོས་རྫས་བདག་གཉེར་བྱེད་སྟངས་ཀྱི་སྐོར་ལ།  མཛོད་ཅེས་བྱ་བ་འཕྲལ་བདེའི་ལས་འཛིན་པས་བགྱི་འོས་ཀྱི་ལས་འགན་ནི།   གཞུང་གི་སྐུ་ཆས་དངོས་ཟོག་རྣམས་ཆུད་ཟོས་སུ་མི་འགྲོ་བའི་བསྡུ་ཡོང་དང༌།   བསྲི་ཚགས་གསོག་འཇོག་བྱེད་སྟངས་དང༌།  དངོས་རྫས་སྤྲོད་ལེན་གྱི་སྐོར་ལ་དམ་ཕྲུག་དང་སློབ་སྟོན་འཁྲུལ་མེད་མ་བྱུང་བར་དངོས་ཟོག་ཆེ་ཆུང་ལ་མ་ལྟོས་པའི་སློང་མོའི་རིགས་ལ་སྟེར་བ་དང༌།  སྤུས་བརྗེ་བ་སོགས་མི་བྱེད།   འགྲོ་གྲོན་གཏོང་དགོས་ངེས་རིགས་རྣམས་གར་བཏང་སོ་སོར་གསལ་པོར་ཐོ་ཡིག་ཡོད་པར་བྱེད་རྒྱུ་དང༌།  ཚུར་ཕུལ་ཡོང་བ་རྣམས་ཐོ་ནང་བཞིན་ཞིབ་བཤེར་ཡོད་པ་དང༌།  འབུལ་ལན་བཟོ་སྐབས་འགངས་ཆེ་དམིགས་བསལ་གྱི་བཀོད་པ་བྱུང་རིགས་དེ་དོན་བཞིན་དང་དཀྱུས་མ་རྣམས་ལ་བོད་སོག་སོ་སོའི་ལུགས་དང་བསྟུན་པའི་རྩ་ཚིག་ནང་བཞིན་ལག་ལེན་བྱེད་དགོས་པ་སོགས་དཔལ་འབྱོར་བདག་གཉེར་བྱེད་སྟངས་སྐོར་གྱི་ཁྲིམས་ཡིག་ཅིག་ཡིན། 
དགུ་པ།    རྒྱལ་པོའི་བྱ་གཞག་ཕྲ་ཞིབ་ཐམས་ཅད་རྩིས་ཀྱིས་གཏན་ལ་འབེབས་དགོས་པ་ནི།  ཞེས་པའི་གནད་དོན་ནི་གཙོ་བོར་འབྱུང་འགྱུར་གྱི་སྲིད་དོན་དང༌།  ནོར་དོན།   དམག་དོན།  ཆོས་དོན་སོགས་ཀྱི་འཆར་གཞི་འགོད་རྒྱུ་དང༌།   དཔལ་འབྱོར་གྱི་ཡོང་སྒོ་དང་འགྲོ་གྲོན་སྔོན་རྩིས་འཆར་གཞི་བྱེད་རྒྱུའི་སྐོར་གྱི་ཁྲིམས་ཡིག་ཅིག་ཡིན།  རྩིས་ཞེས་པ་གྲངས་བགྲངས་པ་ཁོ་ན་ཙམ་གྱི་དོན་མིན་པར།  བྱ་བ་ཆེ་ཕྲ་མཐའ་དག་གི་འཆར་གཞི་བཟོ་རྒྱུའི་དོན་ཡིན་པ་བོད་སྐད་ཡང་དག་གོ་མཁན་ཡིན་ན་ཤེས་གསལ་ལྟར་འདིར་གསལ་བཤད་མ་བྱས། 
དེས་ན་རྩིས་ཁང་ཞེས་པའི་ལས་ཁུངས་དེ་ཡང་དཔལ་འབྱོར་གྱི་ཡོང་སྒོ་དང་འགྲོ་སོང་སྔོན་རྩིས་ཀྱི་འཆར་གཞི་འགོད་རྒྱུ་སོགས་སྲིད་དོན་དང་འབྲེལ་བའི་གལ་ཆེ་བའི་བྱ་གཞག་སྔོན་རྩིས་ཀྱི་འཆར་གཞི་འགོད་པའི་སྡེ་ཁག་ཡིན་པ་ཤེས་པར་བྱའོ། 
།  བཅུ་པ།   རྟ་མཛོའི་དཔོན་གྱིས་བགྱིད་པའི་རིམ་པ་ནི།  ཞེས་པ་གཙོ་བོར་འབྲོག་ལས་ཀྱི་སྡེ་ཚན་དང་འགྲིམ་འགྲུལ་ཐད་དོ་དམ་བྱེད་སྟངས་ཀྱི་སྐོར་ཏེ།   དེ་ཡང་གཞུང་སྒེར་གྱི་རྟ་ལ་གསོ་ཆས་སྒྲུབ་ཚུལ་དང༌།  རྟ་ ་མངགས་གཏོང་བྱེད་ཚུལ།   ནོར་ཕྱུགས་བདག་པོ་བྱེད་པའི་མི་ལ་ནོར་ཟོག་རྩིས་སྤྲོད་བྱེད་སྟངས། 
ཤི་གོད་སོགས་ཀྱི་ཤ་པགས་རྩིས་ལེན་བྱེད་སྟངས་སོགས་ཀྱི་སྐོར་ཡིན
བཅུ་གཅིག་པ།   རྩེ་ཞོལ་ལྷ་སས་མཚོན་པའི་ཉེ་སྐོར་གྱི་གཉེར་པ་དང༌།  མི་དཔོན་བཅས་ཀྱིས་བགྱིད་འོས་ཀྱི་རིམ་པ་ནི།  ཞེས་པ་གཉེར་ཚང་ནས་ཕྱི་འགྲོ་དང་ཆས་གཏོང་དགོས་རིགས་དམ་ཕྲུག་གང་བྱུང་གི་དོན་ལས་དྲག་ཞན་ལ་ངོ་འཛིན་གྱི་ལས་མི་བྱེད་པ་དང༌།  གང་བྱུང་དུ་གཞན་ལ་སྦྱིན་སྟེར་མི་བྱེད་པ་དང༌།  རྒྱུན་སྤྱོད་ཀྱི་ཅ་ལག་མ་ཡིན་པའི་གཞུང་རྒྱུ་སྤུས་ལེགས་དག་སྒེར་གྱི་ནང་དུ་མི་ཁྱེར་བ་སོགས་གཉེར་པའི་ལས་ཀ་དང༌། 
  • ལེ་ཚན་སྔོན་མ།:ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།