གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།(2)

ཐུབ་བསྟན་ཕུན་ཚོགས།        2010-09-08


 བཀའ་རྒྱ་ཡོང་སྡུད་ཀྱིས་མཚོན་པའི་གལ་ཆེ་རྣམས་བསྣན་པ་བཅས་དྲང་ཐིག་འདིར་མ་གསལ་བའི་ལས་ཚན་སྤྱིའི་སྤང་བླང་གི་རིམ་པ་ལ་འཕགས་པ་ཐུགས་རྗེའི་བདག་ཉིད་འཇིག་རྟེན་དབང་ཕྱུག་སེམས་ཅན་གྱི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པ་ལྷ་དང་བཅས་པའི་སྐྱབས་མགོན་མཚུངས་ཟླ་མེད་པའི་གོང་གི་ཞབས་ཕྱི་ལས།  འཕྲལ་སྣང་སྲིད་སྐྱོང་དེའི་དོན་སོགས་ལ་མ་གོ་བའི་ལྐོག་དངོས་ནས་བསམ་ཆུང་དང་སྐུ་ཆས་སོགས་ལ་འབགས་ན་སྤྱིར་བླ་དཔོན་གྱི་དཀོར་ཞེས་དཀོར་གྱི་ནང་ཚན་ནས་ཀྱང་རྣམ་སྨིན་ལྕི་བ།  ཞེས་སོགས་ཀྱི་མདོ་ལུང་དང་སྦྲགས་ནས་གཞུང་གི་ལས་བྱེད་པའི་སྐབས་སུ་དངོས་ལྐོག་དབྱེར་མེད་ལས་འབྲས་བརྩི་སྲུང་དགོས་པའི་སྐོར་སོགས་ཡིན།  གསུམ་པ།    བློན་པོའམ་ཕྱིང་སངས་སུ་གྲགས་པའི་འོས་འགན།  བློན་པོ་ནི་བློ་མཛངས་ཤིང་བྱ་བ་ཐམས་ཅད་དང༌།   གྲུབ་མཐའི་གཞུང་དང་ལུགས་ཀྱི་བསྟན་བཅོས་ལ་མཁས་པ།  དུས་རྟག་ཏུ་རྒྱལ་སྲིད་གྱི་བྱ་བ་ལ་བརྩོན་པ།  ཕྱི་ནང་གི་གཞུང་དོན་གལ་ཆེའི་རིགས་རྣམས་གསང་རྒྱ་དགོས་རིགས་ཕྱིར་མི་འཆོར་བའི་ཆེད་དུ་རང་གི་ཕ་མ་སྤུན་སོགས་ལའང་མི་མཆེད་པ་དང༌།  ཁ་མཆུ་ཞུ་དོན་གྱིས་མཚོན་དོན་འགངས་ཅན་ཡོད་རིགས་ཀྱི་ལྐོག་རྔན་མི་ལེན་ཞིང༌།   གཞུང་ལ་ཕུལ་པའི་དངོས་རྫས་ལ་སྦས་གསང་མི་བྱེད་པ་སོགས་འཇིག་རྟེན་ཡ་རབས་ལུགས་དང་བསྟུན་ནས་ལས་ཀ་བྱེད་དགོས་པའི་སྐོར་སོགས་ཡིན། 
བཞི་པ།   དམག་དཔོན་དང་མདའ་དཔོན་གཉིས་འཐུས་ཀྱི་འོས་འགན་ནི།  རྒྱལ་སྲིད་ཀྱི་བྱ་བ་ལ་གཙོ་ཆེ་བ་དྲག་པོ་གཡུལ་གྱི་ལས་ཡིན་ཞིང༌།  དེ་ཡང་བླ་མ་དང་བསྟན་པའི་དོན་འབའ་ཞིག་ལས་རྒྱལ་པོ་གཞན་གྱི་ཇུས་དོན་དང་ཡང་མི་འདྲ་ཞིང༌།  འདི་ཕྱི་བསམ་པའི་དཔའ་སྡར་མཛངས་གསུམ་འཛོམས་ངེས་བདག་གཅེས་སུ་མ་གྱུར་པའི་དགྲ་ལ་ཕ་རོལ་གྱི་ནུས་པ་དང་བསྟུན་པའི་སྒོ་ནས་རྡུང་རྡེག་ཚོད་འཛིན་བྱེད་དགོས།  ཕ་རོལ་གྱི་ཡུལ་གྲོང་སོགས་གང་ལའང་སྡིག་ལ་མི་འཛེམས་པའི་ནུས་ཆེ་ཞིག་བྱེད་ནའང་གཙུག་ལག་ཁང་དང་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་ལ་མེ་རྒྱག་བཤིག་བརྡུང་སོགས་མཚམས་མེད་ཀྱི་ལས་ཡིན་པས་མི་བྱེད།   དམག་གི་འགོ་སྡུད་སོགས་དགྲ་བབ་དང་བསྟུན་པའི་སྐབས་ཐོབ་ཀྱི་བཀོད་པ་བཞིན་བྱེད་དགོས་པ་སོགས་དང༌།  མདའ་དཔོན་གྱི་ལས་ཐོབ་ཏུ་རྩལ་སྦྱོང་དོ་དམ་དང༌།   མཚོན་ཆ་དོ་དམ།   སྤྱི་ཚོགས་བདེ་འཇགས་སོགས་ཀྱི་བྱ་བ་ལ་གཟིགས་ཞིབ་གནང་རྒྱུ་བཅས་རེད། 
ལྔ་པ།   ཁྲིམས་ཀྱི་ཞལ་ལྕེ་གཅོད་པའི་སྔོན་དུ་ཞིབ་གཤེར་བྱེད་རྒྱུའི་འོས་འགན་སྐོར། 
དོ་བདག་ཕྱོགས་གཉིས་ཀའི་གོང་དུ་ཞུ་ཡིག་དང་ཞུ་དོན་རྣམས་ཉེ་འགྱངས་མེད་པར་བླངས་ཤིང་ཞིབ་ཆའི་དྲི་བ་བྱེད་རྒྱུ་དང༌།  ཕྱོགས་གཉིས་པ་ལ་དྲི་བ་བྱེད་སྟངས་ཀྱི་ཐབས་ཤེས།  ཞིབ་བཤེར་བྱེད་པའི་སྐབས་སུ་ཉེ་རིང་ཕྱོགས་ལྷུང་དང་ལྐོག་རྔན་སོགས་ཀྱི་དབང་དུ་མ་སོང་བར་ཕྱོགས་གཉིས་ཀའི་ཞུ་དོན་ལ་དཔགས་ནས་དབྱེ་ཞིབ་བྱེད་དགོས་པ་སོགས་ཀྱི་སྐོར་ཡིན། 
དྲུག་པ།   མགྲོན་གཉེར་གྱི་འོས་འགན་སྐོར།   ལས་ཚན་བཅུ་གསུམ་གྱི་ནང་ཚན་མཇལ་ཞེས་པ་དེང་དུས་མགྲོན་གཉེར་དུ་གྲགས་པ་དེའི་རྒྱུན་སྤྱོད་དང་འོས་འགན་གཙོ་བོ་ནི།  གོང་ས་མཆོག་དང་ཕྱི་ཡུལ་གྱི་སྡེ་འབངས་བར་གྱི་ཞུ་བ་དང་གསུང་ལེན་གྱི་འབྲེལ་བ་བྱེད་རྒྱུ་དེ་ཡིན་ཞིང༌།   དེ་ཡང་གཞུང་དོན་གལ་ཆེན་དང༌།   དབུལ་པོ་ཉམ་ཆུང་གི་ཞུ་བ་རྣམས་རྒྱང་བསྐྱུར་དུ་མ་སོང་བ་སྙན་འབུལ་འཕྲལ་དུ་ཞུ་དགོས་པ་དང༌། 
  • ལེ་ཚན་སྔོན་མ།:ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།