བོད་ཀྱི་རྒྱན་རིས་པ་ཏ་འགོད་པའི་ལག་ཤེས།(2)

        2011-02-28


གཙུག་ལག་ཁང་གི་སྟེང་དུ་གསེར་གྱི་རྒྱ་ཕིབས་གཉྫིར་དང་རི་དྭགས་ཆོས་འཁོར་མན་ཆད་ནས་ནང་གི་སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་པའི་ཡོ་བྱད་དང་སྒོའི་སྒོ་རྒྱན་ཡན་ཆད་རྟེན་དང་བརྟེན་པ་བཅས་པ་ལ་པ་ཏའི་རིགས་ཀྱིས་མ་བརྒྱན་པ་མེད་ལ། དམངས་ཁྲོད་དུའང་ཁང་ཁྱིམ་དང་རས་གུར་སོགས་སྡོད་གནས་དང་། གྲི་དང་གའུ་གློ་རྒྱན་སོགས་སྐྱེས་པ་དང་བུད་མེད་ཀྱི་རྒྱན་ཆའི་རིགས་དང་། མཆོད་ཁྲི་དང་སྒམ་དང་མདུན་ཅོག་སོགས་འཚོ་བའི་སྤྱོད་ཆས་ཀྱི་རིགས་དང་ཐ་ན་རྫ་མ་དང་མེ་ཐབ་སོགས་ལ་འདམ་གྱིས་པ་ཏ་དང་རྩག་པའི་གོང་རྒྱན་ལའང་གླ་ལྤགས་ཀྱི་པ་ཏས་བརྒྱན་པ་ནི་སྐྱེ་བོ་ཀུན་གྱི་མིག་གི་དགའ་སྟོན་དུ་མཆིས་ན། བཟོ་རྩལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་རྒྱ་ཆེ་བ་ནི་སྨོས་ཅི་དགོས།
   འབྲི་ལུགས་ཐད། པ་ཏ་གན་ཞིང་འཁྱིལ་བ་ལ། རྩ་ནས་རྩེའི་བར་སྐྱེས་དང་མཚུངས། ། ཞེས། མུ་ཁྱུད་དང་ནོར་འཛིན་དང་ཤིང་པ་ཏ་སོགས་གང་ནས་བྲིས་པའི་རྩ་བ་ནས་རྩེ་མོའི་བར་དུ་མ་ཆད་པ་ཞིག་དང་གཟུགས་བཪྙན་དགོད་པ་ལ་ཅི་ཙམ་བལྟས་ན་འགུལ་འདྲ་ཟེར་བས། བྲིས་པའི་གཟུགས་བཪྙན་ཐམས་ཅད་གསོན་པོའི་ཉམས་དང་ལྡན་པ་ཞིག་དང་། དཀར་བཅད་སུམ་མདངས་ཀྱི་པ་ཏ་སེར་མཐིང་དམར་ལྗང་གི་ཆ་དང་ལྡན་པར་བྱས་པའི་མཚམས་སུ་གོང་སྨྲས་རྟགས་མཚན་གྱི་རི་མོ་བཀོད་ན་མཛེས་ལ་གཞི་གང་ཞིག་ལེགས་དང་། པ་ཏ་ལ་རྟགས་མཚན་གྱི་རི་མོ་གང་ཞིག་འགོད་དགོས་པ་སོགས་ནི། དེའི་ཡུལ་དུས་དོན་བཅས་ལ་སེམས་ཤིང་མཆོད་པའི་ཡོ་བྱད་དང་། སྐུ་གསུང་ཐུགས་རྟེན་གྱི་རྒྱན་གྱི་པ་ཏ་ནི། མདོ་རྒྱུད་གྱི་དགོངས་པ་དང་མཁས་པའི་གཞུང་ལ་བརྟེན་པ་གལ་ཆེ་སྟེ། མདོར་ན་གོང་སྨོས་ཀྱི་རི་མོ་ཐམས་ཅད་རྟེན་འབྲེལ་གྱི་མཚོན་བྱེད་ཙམ་དུ་རྟོགས་ཤིང་། ཤེས་ལྡན་ཀུན་གྱིས་གང་ལ་གང་འཚམས་པ་བརྟགས་ཏེ་སྦྱར་བར་བྱའོ།
   པ་ཏ་རྒྱན་རིས་ལ། རི་མོར་བྲིས་པ་དང་། དཀར་བཅད་སུམ་མདངས་བྱས་པ་དང་། སྐྱོ་འབུར་བྱས་པ་དང་། རྐོས་དཀྲོལ་བྱས་པ་དང་། འདག་གིས་བཅོས་པ་དང་། མགར་བ་དང་། ལུགས་སུ་བླུགས་པ་དང་། ལག་བསླས་བྱས་པ་སོགས་གོང་དུ་གསལ་བ་རྣམས་ཕུད། ད་དུང་འཚེམ་དྲུབ་ལས་བཟོས་པའི་དངོས་པོ་དང་བཟོ་བཞིན་པའམ་མང་བ་ནི། གཤམ་གྱི་པར་རིས་དག་ལས་ཕྱོགས་ཙམ་རྟོགས་པར་འགྱུར་རོ།
                            སྒོ་ལྕག་རིགས་བཟོ་བའི་ལག་ཤེས།
བོད་ཀྱི་སྒོ་ལྕག་ལ་རྒྱུ་ལྕགས་ལས་བཟོས་པ་དང་། རག་ལས་བཟོ་པ་དང་། རྒྱུ་ལྕགས་ལས་བཟོས་པའི་སྟེང་གསེར་ཚ་དང་དངུལ་ཚས་རི་མོ་སྣ་ཚོགས་གཏོད་ཅིང་། སྒོ་ལྕགས་ཀྱི་དབྱིབས་མི་རིགས་གཞན་ལ་དཀོན་པའི་བཀོད་པ་ཁྱད་པར་ཅན། ཕྱིའི་དབྱིབས་དང་རི་མོ་མཛེས་ཤིང་། ནང་གི་དབྱེ་བྱ་ལྕེ་འཕར་དང་འབྱེད་བྱེདལྡན་མིག་ཐམས་ཅད་ལ་བཟོ་སྟངས་ཀྱི་ཁྱད་པར་སྒོ་ནས། ཟྭ་རང་རང་གི་ལྡེ་མིག་མ་ཡིན་པའི་ཡོ་བྱད་དང་ལྡེ་མིག་གཞན་གྱིས་དབྱེ་མི་ཐུབ་པའི་དེང་གི་ཟྭ་དཀྱུས་མ་དག་ལས་བཙན་པ་ཞིག་ཡོད།
   བོད་ལུགས་ཀྱི་སྒོ་ལྕགས་ལ་སྤྱོད་སྒོ་ལྟར་ཆེ་ཆུང་སྣ་ཚོགས་ཡོད་ལ། ཚོམས་ཆེན་ཁང་ལ་སོགས་ཁང་ཆེན་གྱི་སྒོ་ལྕགས་ལ་རིང་ཚད་མཐོ་གང་ཡན་ཆད། ཞེང་དུ་སོར་དྲུག་ཙམ་པ། སྒོ་ལྕགས་ཕྱི་ལྐོགས་ཀྱི་སྟེང་དུ་གསེར་དངུལ་གྱི་རི་མོ་ཚར་དུ་དངར་བ། ལྡེ་མིག་ལའང་དེ་མཚུངས་ཀྱི་རི་མོ་དང་། ལྡེ་མིག་གི་ལུང་ལ་གླ་ལྤགས་མཉེ་མར་ཀོ་དམར་ཀོ་ནག་གི་རྒྱ་མདུད་རིམ་པ་དུ་མས་བརྒྱན་པའི་འཕན་འདོམ་ཕྱེད་ཙམ་རེ་བཏགས་ནས་མི་མང་འཚོགས་སར་དཀོར་གཉེར་གྱིས་རྫིག་རྫིག་གཏོང་བའི་ཡོ་བྱད་ཞིག་ཏུ་གྱུར་ཡོད།    བོད་ཀྱི་སྒོ་ལྕགས་ལ་སྤྱིར་ལྡེ་མིག་འོག་ནས་གོང་དུ་བཅུག་སྟེ་ཕྱེ་བ་ཞིག་དང་།རྒྱབ་ནས་ཕྱེ་བ་གཉིས་ལས། ལྡེ་མིག་གཅིག་གིས་གཞན་དབྱེ་མི་ཐུབ་པའི་ཐབས་ལ། ཟྭ་ཕྱི་ལྐོགས་ཀྱི་བཀོད་པའི་གཤོང་འབུར་གྱི་འགྲོས་དང་མ་འཕྲད་ན་ལྡེ་མིག་ཟྭའི་ནང་དུ་འགྲོ་མི་ཐུབ་པ་དང་། ནང་གི་ལྕེ་འཕར་ཅན་དུ་བཟོས་པས་ལྡེ་མིག་གི་སྡིག་རྭས་གཅུ་མ་ཐུབ་ན་འབྱེད་མི་ཐུབ་པ་དང་། ལྡེ་མིག་དང་ལྡེ་མིག་གི་རྒྱུ་ལམ་གྱི་གཤོང་འབུར་མ་ལྡན་ན་ལྡེ་མིག་སྒོ་ལྕགས་ཀྱི་ལྕགས་འཛིན་འགྱོ ག་འདེད་བྱེད་པར་ཐར་བའི་ལམ་མེད་ཡིན་པས། ངེས་པར་དུ་ཟྭ་ལྐོགས་ཀྱི་འབུར་བ་ཐམས་ཅད་ལྡེ་མིག་གི་གཤོང་ས་དང་། དེ་ལས་ལྡོག་སྟེ་ལྡེ་མིག་གི་འབུར་ས་ཐམས་ཅད་ཟྭའི་གཤོང་སར་ཏགཏག་འཕྲད་ཅིང་འདེད་ཐུབ་པ་དང་། སྡིག་རྭ་གཡས་གཡོན་དྲང་འཁྱོག་གང་ཞིག་གི་བཀོད་པས་ནང་གི་འཕར་ལྕེ་འཛིན་ཐུབ་པ་མ་ཟད། ལྡེ་མིག་གི་འགྲོ་ཕྱོགས་ལ་གཞིགས་ནས་འཕར་ལྕེ་རྒྱ་ཇེ་ཆེར་བྱས་ཏེ་སྡིག་རྭའི་རྭ་མགོས་འཕར་ལྕེ་གཅུས་ཤིང་ཤེད་ཕྱུང་འཛིན་གྱི་ཆ་རྐྱེན་དང་ལྡན་པ་སྟེ། ཆ་རྐྱེན་དེ་དག་མ་འཛོམས་ན་ཁ་དབྱེ་ཐབས་བྲལ་བའི་ཁང་པའི་སྒོ་དང་། སྒམ་གྱི་རིགས་དང་། སྒྲོམ་ལ་སོགས་བཙན་སྲུང་གི་ནུས་པ་ཐོན་པའི་ལག་ཤེས་ཀྱི་དངོས་པོ་སྤྱོད་སྒོ་རྒྱ་ཆེ་བ་ཞིག་གོ།
 

  • ལེ་ཚན་སྔོན་མ།:གཙང་སྦང་གཙང་མཐིང་འདུལ་བའི་ལག་ཤེས།
  • ལེ་ཚན་རྗེས་མ།:པར་ཤིང་བརྐོ་བའི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།