2011-02-28
བོད་ཀྱི་མཛེས་རྒྱན་རི་མོའི་གཞི་རྩ་པ་ཏ་ལ། རིགས་བརྒྱད་ཡོད་པ་ལས། དང་པོ་འབྱུང་གཞིའི་པ་ཏ་ནི། རིན་ཆེན་ས་གཞི་ནོར་འཛིན་པ་ཏ་དང་། རླུང་གིས་བསྐྱོད་པ་སྤྲིན་གྱི་པ་ཏ་དང་། དྲོ་ཡི་སྙིང་པོ་མེ་རིའི་པ་ཏ་དང་། མུ་ཁྱུད་པ་ཏ་དང་། སླས་པ་དང་སྤྲད་པའི་པ་ཏ་དང་། ཡི་གེ་གཟུགས་འགྱུར་གྱི་པ་ཏ་བཞི་སྟེ་བརྒྱད་དུ་བཤད་པ་ལ། རྩ་བའི་པ་ཏ་འདི་དག་གི་འགྲོས་ཤེས་ན་རྡུང་རྐོས་བྲིས་གསུམ་གྱི་པ་ཏ་ལ་མི་རྨོངས་ཤིང་། རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་ཅི་ཡང་དགོད་ཆོག་སྟེ། རྟགས་ཀྱི་མཚན་མའི་རི་མོ་སྣ་ཚོགས་བཀོད་པའི་པ་ཏ་ལ་སེང་གེ་དང་སྟག་གཟིག་སོགས་གཅན་གཟན་གྱི་རིགས་བཀོད་པའི་པ་ཏ་དང་། ཤ་བ་དང་བསེ་རུ་སོགས་རི་དྭགས་དང་གཡུང་དྭགས་ཀྱི་རིགས་བཀོད་པའི་པ་ཏ། ཁྱུང་ཆེན་དང་རྨ་བྱ་སོགས་ནམ་མཁའ་ལྡིང་གི་རིགས་བཀོད་པའི་པ་ཏ། རིན་ཆེན་དང་རལ་གྲི་སོགས་འབར་བའི་རིགས་བཀོད་པའི་པ་ཏ། རྒྱལ་མཚན་དང་བ་དན་སོགས་སྒྲེང་བའི་རིགས་བཀོད་པའི་པ་ཏ། དྲ་བ་དང་དྲ་ཕྱེད་སོགས་དཔྱངས་པའི་རིགས་བཀོད་པའི་པ་ཏ། གང་བུ་དང་པདྨ་སོགས་འབྲས་བུ་སྨིན་པའི་རིགས་བཀོད་པའི་པ་ཏ། དཔལ་བེའུ་དང་གྲུ་གུ་སོགས་སླས་པའི་རིགས་ཀྱི་པ་ཏ། སྦལ་རྒྱབ་མ་དང་ཁྲབ་བྱང་མ་སོགས་སྤྲད་པའི་རིགས་ཀྱི་པ་ཏ། རྣམ་བཅུ་དབང་ལྡན་དང་ཧོར་ཡིག་བརྩེགས་མ་སོགས་ཡི་གེ་གཟུགས་འགྱུར་རིགས་ཀྱི་པ་ཏ། གཡུང་དྲུང་དང་རྡོ་རྗེ་སོགས་སྲ་བརྟན་མི་འགྱུར་བའི་མཚན་མ་བཀོད་པའི་པ་ཏ། ཧོར་ཡིག་ཊཾ་ཀ་མ་དང་སྦལ་གཟུགས་མ་སོགས་གསེར་དངུལ་བཀྲ་མ་ལ་མཛེས་པའི་རི་མོའི་རིགས་བཀོད་པའི་པ་ཏ། གཡུ་འབྲུག་དང་ཁྱུ་མཆོག་སོགས་རྩལ་ཆེན་གྱི་རིགས་བཀོད་པའི་པ་ཏ། རྫས་བརྒྱད་དང་འདོད་ཡོན་རྣམ་ལྔ་སོགས་ཕུན་སུམ་ཚོགས་བྱེད་ཀྱི་རིགས་བཀོད་པའི་པ་ཏ། ཚེ་རིང་རྣམ་ལྔ་དང་ལཉྫ་་ཡིག་སོགས་ཚེ་རིང་བའི་རྟགས་མཚན་བཀོད་པའི་པ་ཏ། རྒྱ་ནག་གི་ཡི་གེ་ཚེ་བསོད་དབང་ཐང་ཀྱི་སྲོག་ཡིག་ཧྥུའུ་ལུའུ་ཧྲོའུ(福禄寿)གསུམ་སོགས་ཚེ་བསོད་དབང་ཐང་དར་ཞིང་རྒྱས་པར་བྱེད་པའི་མཚན་མ་བཀོད་པའི་པ་ཏ། དབང་པོ་རྣམ་ལྔ་སོགས་མཉེས་བྱེད་ཀྱི་རིགས་བཀོད་པའི་པ་ཏ། རྟགས་བརྒྱད་དང་སྣ་བདུན་སོགས་བཀྲ་ཤིས་པའི་རྟགས་མཚན་བཀོད་པའི་པ་ཏ། ཀ་མགོ་དང་ཀ་འཕན་གྱི་མགོ་སོགས་ལ་ཕྱོགས་གཉིས་ཆ་མཐུན་ཅིང་མཛེས་པར་བྱེད་པའི་ཙི་པ་ཏ་སོགས་ཤིན་ཏུ་མང་པོ་འཕྲོས་ཆོག་གོ། པ་ཏའི་དངོས་པོ་ནི་གསེར་དངུལ་ཟངས་ལྕགས་སོགས་ཀྱིས་རྡུང་སྒྲོས་ཀྱི་པ་ཏ། ལི་དང་འཁར་བ་སོགས་ཀྱིས་བླུགས་པའི་པ་ཏ། བ་སོ་དང་ཙན་དན་སོགས་ལ་བརྐོས་པའི་པ་ཏ། གོས་ཆེན་དང་རས་སོགས་ཀྱི་དྲས་དྲུབ་ཀྱི་པ་ཏ། སྟོང་སྐུད་དང་གསེར་སྐུད་སོགས་ཚོན་དྲུབ་ཀྱི་པ་ཏ། སྐྱོ་འབུར་དང་འདམ་ལས་བྱས་པ་སོགས་འབུར་དུ་དོད་པའི་པ་ཏ། དཀར་བཅད་སུམ་མདངས་སོགས་བྲིས་པའི་རིགས་ཀྱི་པ་ཏ་ལ་སོགས་མཐའ་ཡས་པ་ཡོད་པ་ནི།
རྩོམ་གསར། 10