མདོ་ཁམས་ཏྲེ་ཧོར་རོང་པ་ཚའི་རྫ་བཟོ་ལག་རྩལ་སྐོར་གླེང་བ།

ཚེ་རིང་དབང་རྒྱལ་ནས།    ཁམས་པའི་བོད་ཡིག་ཚགས་པར་ལས་དྲངས།    2010-08-19

ཆེས་སྔ་བའི་དུས་སུ་འགྲོ་བ་མིའི་སྣོད་སྤྱད་མེད་དུ་མི་རུང་བ་ནི་རྫ་མ་ལས་གྲུབ་པའི་སྣོད་ཆས་ཁོ་ན་ཡིན་ཏེ།ལོ་གྲངས་མང་པོའི་སྔོན་ནས་ད་ལྟའི་བར་གྱི་འཛམ་གླིང་གི་ཡུལ་གྲུ་དུ་མའི་ས་འོག་དང་བང་སོ་སོགས་ནས་བཏོན་པའི་གནའ་བོའི་མིས་བཟོས་པའི་རྫ་མའི་སྣོད་ཆས་བྱུང་བ་དག་ལ་ལྟོས་ཤིང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་སྔོན་གྱི་མིའི་སྤྱི་ཚོགས་འཚོ་བའི་སྐོར་ལ་ཞིབ་འཇུག་བྱེད་སའི་སྙིང་ནོར་རུ་གྱུར།བོད་དུ་གཉའ་ཁྲི་བཙན་པོའི་གོང་གི་དུས་སྐབས་སྔ་མོ་ཞིག་འགོང་པོ་སྦུན་དགུ་སོགས་ཀྱིས་དབང་བསྒྱུར་སྐབས་སུ་ཡང་རྫ་མ་བཟོ་མཁན་དང་།རྡོ་བཟོ།ཤིང་བཟོ།རུས་བཟོ།ལྕགས་བཟོ།བལ་བཟོ་སོསག་ལག་རྩལ་དར་ཡོད་ཅེས་ཡིག་ཆ་འགའ་ཞིག་ནང་མཐོང་བ་ལྟར།རྫ་ཆས་བཟོ་པའི་ལག་རྩལ་རྒྱུན་ལྡན་དུ་བྱུང་བའི་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་སྤྱི་དང་།བྱེ་བྲག་ཧོར་ཁོག་ཁག་ལྔའི་ཡ་གྱལ་ཏྲེ་ཧོར་རོང་པ་ཚའི་གར་མདའམ་གར་ཟླ་གྲོང་གི་རྫ་མཁན་རྣམས་ཀྱིས་རྫ་སྣོད་ཇི་ལྟར་བཟོ་བའི་ཚུལ་ཅུང་ཟད་གླེང་ན།
  དང་པོ།ལག་ཆའི་རིགས་ཀྱི་དབྱེ་བ་བཤད་པ།  སྤྱིར་ན་ལས་རིགས་ཁག་གཅིག་ལ་ཡང་ཡུལ་ལུང་མི་འདྲ་བ་སོ་སོའི་ལག་རྩལ་མཆོ་དམན་དང་།ལག་ཤེས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཆུང་།རྫ་མའི་སྣོད་སྤྱད་ཀྱི་རྣམ་གྲངས་མི་འདྲ་བ་སྣ་ཚོགས་མཐོང་རྒྱུ་ཡོད་པར་བརྟེན།ལག་ཆའང་མི་འདྲ་བ་དུ་མ་ཡོད་དགོས་པས་འདི་འདྲ་ཞིག་དང་།འདི་ཙམ་ཞིག་དགོས་ཞེས་ངོས་བཟུང་ནས་ཐག་གཅོད་ཐུབ་པ་ཞིག་མིན་ལ།བྱེ་བྲག་ལས་བཟོ་འདིའི་ལག་ལེན་གྱི་སྲོལ་རྒྱུན་མ་ཉམས་པ་ཞེས་པ་ནི།བཟོ་བོའི་ལག་རྩལ་དང་བཟོ་བྱེད་ཀྱི་ལག་རྩལ་གཉིས་ལ་བརྟེན་ནས་བྱུང་བ་ལས།བཟོ་བོ་རང་ལ་ལག་རྩལ་མེད་ན་ལག་ཆ་གཅིག་པུས་བྱ་བ་སྒྲུབ་མི་ཐུབ་པ་དང་།ལག་རྩལ་མཐོན་པོ་ཅི་ཙམ་ཡོད་ཀྱང་ཉེ་བར་མཁོ་བའི་ལག་ཆ་ཆ་ཚང་བ་ཞིག་མེད་ན་མི་འགྲུབ་པས།དེ་གཉིས་ཀ་འཛོམས་དགོས་པ་མ་གཏོགས་སྣེ་གཅིག་ཆད་ནའང་འགྲིག་ཐབས་མེད་པ་ཤེས་པར་བྱའོ།།  དེ་ལྟར་གནའ་བོའི་དུས་ནས་དེང་གི་བར་ཡུལ་ལུང་འདིར་རྫ་མཁན་གྱི་བྱུང་རིམ་ལེགས་པར་ལྡན་པའི་ཆ་རྐྱེན་ཚང་བ་དང་།ལས་རིགས་འདི་ལ་བྱང་གོམས་ཆེ་བ་རྫ་བཟོ་བ་བྱམས་པ་རྒྱལ་མཚན་ལགས་ལ་འདིའི་སྐོར་ཅུང་ཟད་དྲིས་པ་ན།ཁོང་གིས་ལས་བཟོ་དངོས་ལ་འཇུག་ཚེ་ལག་ཆའི་རིགས་རྣམས་རང་རང་གི་སྤྱོད་སྒོ་ཆེ་ཆུང་ལྟར་ན་འདི་ལྟ་བུ་ཞིག་གོ་ཞེས་གསུངས་པའི་ཞལ་རྒྱུན་ལྟར་བྲིས་ན།  གཅིགབཟོ་བྱའི་དངོས་པོ་སྤྱིའི་ཕྱི་ངོས་སུ་སྒྲོས་དང་མཛེས་ཆ་གསར་དུ་འདོན་པར་བྱེད་སྤྱད་ལ་གསེར་བྱུག་ཅེས་ཟེར།རིང་ཐུང་སྣ་ཚོགས་དང་དབྱིབས་ལེབ་ལ་གསེག་ཆེན་དང་གསེག་ཆུང་གཉིས་སུ་དགོས་ཞེས་དང་།
  གཉིས སྣོད་སྤྱད་ཀུན་གྱི་ནང་ཁོག་ཏུ་ཤས་སྲབ་མཐུག་གི་ཚད་འཛིན་བྱེད་གཙོ་བོ་དང་།གསེང་དང་བར་གྱིས་རྩིང་རྩུབ་སོགས་བཞར་ཏེ་རགས་འཇམ་བཟོ་བྱེད་ལ་དངུལ་བྱུག་ཅེས་ཟེར།དབྱིབས་སོགས་ནི་གོང་དང་འདྲའོ་ཞེས་དང་། གསུམ།བཟོ་བྱེད་འཇིམ་པ་ལེགས་པར་བསྣོམས་པའི་འདམ་སྣོད་ལས་སྤྱོད་བདེ་ཆུང་ངུ་འབྲེག་པ་བྱེད་སྤྱད་ལ་སྐྱ་ག་ཞེས་ཟེར་སྲོལ་སྣང་ལ།བཟོ་ལྟ་ཁ་གཟར་དང་འདྲ་ཞིང་ཕྲ་སྦོམ་རང་ལ་གང་བདེ་བྱ་ཞེས་དང་། བཞི།ཁྱིམ་སྤྱོད་རྫ་ཆས་སྒྲོས་ཚུགས་ཆེ་བའི་གྲས་ནི་སྣོད་སྤྱད་གཞན་དང་མི་འདྲ་བར་བཟོ་དཀའ་སྟེ་རྫ་ཤས་སྲབ་ཅིང་འཇམ་པོར་ཐོན་དགོས་པ་དང་།ཡ་ཡོ་ཚབ་ཚུབ་མེད་པར་གཟབ་ནས་བཟོ་དགོས་སྟབས།ལག་ཐོ་སོགས་གཏན་ནས་ཕོག་མི་རུང་བ་མ་གཏོགས།ཕྱི་ངོས་ནང་ཁོག་ཏུ་རྡིབ་སྟེ་བཟོ་དབྱིབས་ཉམས་ཤིང་མཛེས་ཆོས་གང་ཡང་མེད་པར་འགྱུར།  དེས་ན་ནང་འབུར་ཆུང་ངུ་ལ་ཡང་སེམས་ཆུང་བྱ་སྟེ་གནམ་རྡུང་ཞེས་པས་རན་པ་རྡུང་ན་ཡོ་འཁྱོམ་བསྲང་ཐུབ།དབྱིབས་གྱང་ཐོ་དང་འདྲ་ལ་སྣོད་ཆས་མཐུག་པོའི་རིགས་ལ་སྤྱོད་སྒོ་ཅུང་ཟད་ཆུང་ངོ་ཞེས་དང་།
ལྔ།སྣོད་ཆས་ཀུན་གྱི་ཕྱི་ནང་གི་ངོས་སུ་ཆེས་འཇམ་པོ་དང་སྒྲོས་མོ་བཟོ་བའི་གྲུབ་ཆ་གཙོ་བོ་དང་།བརྩེགས་པ་སྦྱར་ལ་སྣེ་མོ་མཐུད་བྱེད་ཀྱི་ནུས་པ་ཆེ་ཤོས་ནི་ཆུ་ལས་ཐོན་དགོས་ཤིང་།འབྱུག་བྱེད་ཀྱི་ཀོ་དུམ་ཞིག་ལ་བུ་ལུ་ཆུ་ཁྲིད་ཟེར་སྲོལ་ཡོད་ཅེས་དང་།
  དྲུག སྣོད་ཀྱི་ཞབས་མཐིལ་དང་ཁ་གབ་མཆུ་ཏོག་སོགས་མ་ཡིན་པའི་རྫ་མ་སྤྱིའི་ཁོག་བཟོ་ཚེ་འཇིམ་ནར་ཟོ་བའི་ལྕུག་དཀྲིས་ལྟར་བརྩེགས་ནས་གྲུབ་དགོས་ཤིང་།གང་འཕྲད་ཀྱི་ཚད་དུ་གཅོད་གཏུབ་དང་མཆུ་ལུང་སོགས་བཟོ་བྱེད་ལ་སྨྱུག་མའི་ཀྲི་ཞེས་ཟེར།བཟོས་དབྱིབས་སོགས་ནི་གསེར་དངུལ་འབྱུག་བྱེད་དང་འདྲའོ་ཞེས་དང་།  བདུན།རྫ་མཁན་རང་ལ་དགོས་པའི་ལག་ཆའི་རིགས་ལ་གསེག་ཆེ་ཆུང་སོགས་ཇི་ལྟར་འདོད་པ་བཞིན་བཟོ་བར་གཅོད་གཞོག་ནུས་པའི་དབལ་དང་ལྡན་པ་ཞིག་ལ་རྫ་ཀྲི་ཞེས་ཟེར་བ་ལས་གཞན་མེད།  བརྒྱད།རྫ་མ་ལས་གྲུབ་པའི་སྣོད་སྤྱད་ཀུན་གྱི་ཁོག་གམ་རྫ་ཁོག་བཟོ་བ་བྱེད་སྤྱད་ལ་རྫ་གཟོང་ཞེས་ཟེར།དབྱིབས་ཤིང་བཟོ་བའི་གཟོང་བུ་ལྟ་བུ་དང་ལག་ལ་གང་འཕྲད་བཟོས་ན་ལེགས་ཞེས་དང་། དགུ།མེ་ཕོར་བུམ་གཟུགས་མའི་ལྟོ་བའི་བར་སྐེད་དང་གསུར་སྣོད་ཀྱི་ཁ་ལེབ་སོགས་ལ་བུ་ག་ཆུང་ངུ་འབིགས་པ་བྱེད་སྤྱད་ལ་འབིག་ཅེས་ཟེར།དབྱིབས་དགོ་རྭའི་རྩེ་མོ་དང་འདྲ་ལ་ཤིན་ཏུ་རྣོ་ན་དེ་གས་འཐུས་ཞེས་དང་། བཅུ།བཟོ་བྱ་ཀུན་ལ་མཁོ་བྱ་མི་ཆེ་ཡང་ལྟོ་འབུར་ཚུགས་ལྡན་གྱི་རྫ་ཆས་དང་།མཆུ་རྩེ་ཕྲ་ལ་གུག་པ།ཆུ་སྲིན་ཁ་ནས་ཐོན་པའི་ལུང་ཅན།མཎྡལ་གྱི་ཏོག་ལྟར་མཛེས་པའི་ཁ་གབ་སོགས་སྒྲོས་ཉམས་ཆེ་བའི་རིགས་ལ་མེ་ཏོག་འདྲ་མིན་དུ་མའི་གཟུགས་དང་ལྕགས་རིའི་རི་མོ་རྣམས་པར་དུ་འདེབས་བྱེད་ལ་བརྐོས་པར་ཞེས་ཟེར།
 དབྱིབས་སྣ་ཚོགས་དང་སྣོད་སྤྱད་ཆེ་ཆུང་ལ་དཔག་ནས་བེད་སྤྱོད་གཏོང་དགོས་ཞེས་དང་།
བཅུ་གཅིག གང་བཟོ་བ་བྱ་རྒྱུའི་སྣོད་སྤྱད་ཀྱི་གཞིའམ་ཞབས་མཐིལ་བཙུགས་ས་ནི་རྫ་མ་ལས་གྲུབ་པའི་དཀྱིལ་འཁོར་ཟུར་མེད་པ་ཞིག་ལ་སྐོས་ཞེས་ཟེར་སྲོལ་སྣང་ལ།སྲབ་མཐུག་སོར་གང་ཡས་མས་དང་ཆེ་ཆུང་སྣ་ཚོགས་ཏེ་བཟོ་བྱ་སྣོད་ལ་བརྟག་ནས་འཇོག་དགོས་ཞེས་དང་།  བཅུ་གཉིས།བརྩེགས་པའི་དངོས་པོ་ཀུན་གྱི་བརྟེན་གཞི་གཅིག་ཏུ་གྱུར་པ་ལ་མས་གཞིའམ་འཁོར་གདན་ཞེས་ཟེར་སྲོལ་སྣང་ཡང་།མཐོ་དམན་དང་ཁ་ཞེང་ཆེ་ཆུང་སོགས་ནི་བཟོ་བོ་རང་ལ་བཀོལ་སྤྱོད་ཇི་ལྟར་བདེ་ན།འཁོར་ལོའི་སྲོག་མདའ་རིང་ཐུང་ཡང་དེ་ལྟར་དང་། ཤིང་ལེབ་མོའི་ཆ་ལག་རྣམས་ལྷུ་ཆ་ཡོངས་སུ་བསྒྲིགས་ནས་རྐང་པའམ་ལག་པས་མནན་པ་ཙམ་གྱིས་འཁོར་བའི་འཕྲུས་ཆས་ལྟ་བུ་སྟེ།དེ་ལ་རྫ་མཁན་གྱི་འཁོར་ལོ་ཡང་ཟེར།ཞེས་ཟེར་བ་ལྟར་བཟོ་བོའི་བཟོ་བྱེད་ཀྱི་ལག་ཆ་ལ་བརྟེན་ནས་རྫ་མ་ཇི་ལྟར་གྲུབ་ཚུལ་བསྟན་པའོ།།
  • ལེ་ཚན་སྔོན་མ།:ཐང་ག་ལས་ཐང་ནག་ཅེས་པ་དེ་ཅི་འདྲ་ཞིག་ཡིན།
  • ལེ་ཚན་རྗེས་མ།: བོད་ཀྱི་ཐང་ག་རི་མོ་བྱུང་བའི་དུས་ཚོད་དང་ཐ་སྙད་བྱུང་ཚུལ་སྐོར་ལ་ཅུང་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།