ཐང་ག་ལས་ཐང་ནག་ཅེས་པ་དེ་ཅི་འདྲ་ཞིག་ཡིན།

        2010-05-28

ཐང་ག་ལས་ཐང་ནག་ཅེས་པ་དེ་ཅི་འདྲ་ཞིག་ཡིན།

ཐང་ཀའི་གོ་དོན།
སྤྱིར་ཐང་ཀ་ཞེས་པའི་གོ་དོན་དུ།ཐང་ནི་གཞི་ཡངས་ལ་ཁོད་སྙོམས་པ།ཀ་ནི་སྟོང་ལ་དྲི་མས་མ་གོས་པ་སྟེ་དར་དང་རས་ལ་སོགས་ཀྱི་གཞི་སྙོམས་ལ་གཙང་མར་རི་མོ་བྲིས་པ་དེ་ཡིན་པར་བཤད།“ཐང་ཀ”ཞེས་ག་རུ་གྱུར་པ་ནི་མོ་ཡིས་མོ་མིང་མཐར་དྲངས་པས་ཡིན་གྱི“ཀ”ཡི་དོན་གྱི་ངོ་བོ་སྔར་བཞིན་འགྱུར་མེད།
 བོད་ལ་ནག་ཐང་བཟོ་བའི་ལག་རྩལ་དེ་ནམ་ཞིག་ལ་དར། བོད་ལ་ནག་ཐང་བཟོ་བའི་ལག་རྩལ་དེ་ནམ་ཞིག་ཏུ་དར་བའི་སྐོར་ལ།ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་བཞུགས་ཀྱི་དཀར་ཆག་ལས།སྲོང་བཙན་སྒམ་པོས་རང་ཉིད་ཀྱི་ཤངས་མཚལ་གྱིས་བྲིས་པའི་དཔལ་ལྡན་ལྷ་མོའི་ཐང་ནག་ཤིན་ཏུ་རྩ་ཆེན་ཞིག་བཞུགས་ཚུལ་བཀོད་པ་ལྟར་ན།སྲོང་བཙན་གོང་ནས་བོད་ལ་ཐང་ནག་བཞེངས་སྲོལ་ཡོད་ཚོད་འདུག
  ཐང་ནག་གི་དགོས་པའམ་ཁྱད་ཆོས།  ཐང་ནག་གི་དགོས་པའམ་ཁྱད་ཆོས་ནི།གཞི་ནག་པོའི་སྟེང་དུ་ཁྲོ་བོའི་རིགས་བྲིས་ན་རྔམ་བརྗིད་ཆེ་བ་དང་།རིན་པོ་ཆེ་གསེར་དང་དངུལ་ལ་སོགས་ཀྱིས་རི་མོ་བྲིས་ན་བཀྲག་མདངས་ལྷག་པར་མངོན་པ་གཞི་དཀར་པོ་སོགས་ལས་ཁྱད་དུ་འཕགས་པ།ཐང་ནག་གི་བཅད་རིས་དང་མདངས་གཙོ་བོ་ཡིན་པ་ལས་ཚོན་གཙོ་བོ་མིན་པས།མདངས་ལེགས་པའི་ཐང་ནག་ལ་ཕྱི་ནང་སྒྲིབ་མེད་ཤེལ་ལ་འཇའ་ཚོན་ཤར་བ་བཞིན་མཛེས་ཆ་ཆེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ལ།བཟོ་རྒྱུན་འདི་ཁམས་སྡེ་དགེ་གཙོ་བོར་གྱུར་པའི་བོད་ཁམས་ཀུན་ཏུ་ཁྱབ་པ་ཞིག་ཡིན།ཐང་ནག་བཟོ་བའི་ལག་རྒྱུན་འདི་དེང་དུས་བོད་ཀྱི་སྲོལ་རྒྱུན་རི་མོའི་ནང་དུ་སྔར་བཞིན་གནས་པར་མ་ཟད།ཁམས་དཀར་མཛེས་ཕྱོགས་ཀྱི་རི་མོ་བ་དུ་མས་དེང་གི་རི་མོ་གསར་རྩོམ་གྱི་ནང་དུ་བེད་སྤྱད་ནས་གེ་སར་རྒྱལ་པོ་དང་།འགྲོ་བ་བཟང་མོ།དགེ་རྟག་སྤྲུལ་སྐུ།བཀྲ་ཤིས་བདེ་ལེགས་སོགས་གཞི་ཐང་ནག་སྟེང་རྒྱ་ནག་དང་ཕྱི་གླིང་རི་མོའི་ཁྱད་ཆོས་ཅན་གྱི་བྲིས་རྒྱུན་གསར་པ་སྤེལ་བར་དཀར་མཛེས་ཀྱི་བོད་རིས་གསར་རྩོམ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ནས་བསྟོད་བསྔགས་ཐོབ།
 
  • ལེ་ཚན་སྔོན་མ།:བོད་ཀྱི་ཐང་ཀ་གསར་པ—གུ་གུ་ཤའི་ཐང་ཀ།
  • ལེ་ཚན་རྗེས་མ།:མདོ་ཁམས་ཏྲེ་ཧོར་རོང་པ་ཚའི་རྫ་བཟོ་ལག་རྩལ་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།