གནས་མཆོག་རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་པདྨ་ཤེལ་རིའི་སྐོར་ཅུང་ཙམ་གླེང་བ་དྭངས་གཙང་ཡིད་ཀྱི་མཆོད་པ།(2)

ཟུར་མང་ཉི་མ་ཚེ་རིང་གིས་བསྒྲིགས།        2016-04-14

  བདུན་པ། རྒྱམ་རྒྱལ་རྡོ་ཏི་པདྨ་ཤེལ་རིའི་ཕན་ཡོན།
  ཕྲིན་ལས་འགྲོ་བ་འདུལ་བའི་གནས་བརྒྱད་ལས་ཞི་བས་འདུལ་མཛད་རྡོ་ཏི་གངས་ཀྱི་ར་བའི་གནས་ཡིག་ཅེས་པར། དེ་བས་གནས་འདིར་སུས་སྒྲུབ་ཉམས་རྟོགས་འཕེལ༔ སྒྲུབ་གནས་གཞན་ལ་ལོ་གཅིག་སྒྲུབ་པ་བས༔ འདི་ན་ཞག་གཅིག་སྒྲུབ་པ་སྟོབས་ཆེ་ཞིང༔ བྱ་བྲལ་རྫོགས་ཆེན་སྙིང་ནས་སྒོམ་མཁན་ལ༔ གཞན་ལ་རང་བཞིན་སྒྲུབ་པས་ཕྲག་དོག་འོང༔ ཚུལ་བཞིན་སྒྲུབ་ན་འཇའ་ལུས་འགྲུབ་པའི་གནས༔ ཚེ་སྒྲུབ་བྱས་ན་ཚེ་ལ་དབང་འབྱོར་ཞིང༔ ཞིང་འདི་བདེ་བ་ཅན་དང་གཉིས་སུ་མེད༔ གནས་འདིར་འབྲེལ་ཚད་བདེ་ཆེན་ཞིང་ཁམས་བགྲོད༔ གནས་མཆོག་འབུམ་ཕྲག་མང་པོའི་ཡོན་ཏན་དཔལ༔ འདི་ལ་གནས་ཕྱིར་ཁྱད་པར་དུ་མས་འཕགས༔ ཞེས་པ་དང་། བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། ཡ་མཚན་ཁྱད་པར་འཕགས་པའི་གནས༔ རྒྱལ་བས་བྱིན་གྱིས་བརླབས་པའི་གནས༔ དད་ལྡན་མཐོ་རིས་འདྲེན་པའི་གནས༔ ཚོགས་གཉིས་དངོས་གྲུབ་སྟེར་བའི་གནས༔ འཛམ་བུ་གླིང་གི་བརྒྱན་གྱུར་གནས༔ མདོ་ཁམས་ས་ཡི་ལྟེ་བའི་གནས༔ ཞེས་དང་། སྐལ་ལྡན་དངོས་གྲུབ་ལེན་པའི་གནས༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་གནས༔ འཇའ་ལུས་ཆོས་སྐུ་ཐོབ་པའི་གནས༔ བྱིན་རླབས་དངོས་གྲུབ་འབྱུང་བའི་གནས༔ ཉམས་དང་རྟོགས་པ་འཕེལ་བའི་གནས༔ མཁའ་འགྲོའི་ལུང་བསྟན་བྱེད་པའི་གནས༔ ཡི་དམ་ཞལ་གཟིགས་འབྱུང་བའི་གནས༔ ཕ་ནོར་ལག་ཏུ་ལོན་པའི་གནས༔ སྒྲུབ་ལ་བར་ཆད་མེད་པའི་གནས༔ རྩ་རླུང་རང་དབང་ཐོབ་པའི་གནས༔ ཐིག་ལེ་རྟག་ཏུ་འཆར་བའི་གནས༔ སངས་རྒྱས་བསྟན་པ་དར་བའི་གནས༔ དད་ལྡན་གདུལ་བྱ་འབྱུང་བའི་གནས༔ གསང་སྔགས་རྒྱལ་མཚན་ཚུགས་པའི་གནས༔ ཁམས་གསུམ་དབང་དུ་བསྡུས་པའི་གནས༔ ཕྱི་ནང་བར་ཆད་ཞི་བའི་གནས༔ ཚེ་དཔལ་ཡོན་ཏན་རྒྱས་པའི་གནས༔ མཐའ་དམག་དུས་འཁྲུགས་བཟློག་པའི་གནས༔ ཨོ་རྒྱན་བསྟན་པ་འཕེལ་བའི་གནས༔ ཐེག་ཆེན་ཆོས་སྒྲ་འཛུགས་པའི་གནས༔ དྲོད་རྟག་ཡོན་ཏན་འབྱུང་བའི་གནས༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ ཞེས་པ་དང་། བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་དུ་བཀོད་པར། དེ་ཡང་གནས་མཆོག་ཆེན་པོ་རྡོ་ཏི་གངས་ཀྱི་ར་བ་འདི་ཉིད་ལ་བསྐོར་བ་གཅིག་བསྐོར་ན་ཕྱི་ནང་བར་ཆད་ཞི༔ གཉིས་བསྐོར་ན་ལས་ངན་སྡིག་གྲིབ་དག༔ གསུམ་བསྐོར་ན་ངན་སོང་སྐྱེ་སྒོ་ཆོད༔ བཞི་བསྐོར་ན་ལམ་བར་ཆད་ལས་རྒྱལ༔ ལྔ་བསྐོར་ན་ཉོན་མོངས་དུག་ལྔ་ཞི༔ དྲུག་བསྐོར་ན་རིགས་དྲུག་སྐྱེ་སྒོ་འགགས༔ བདུན་བསྐོར་ན་དཀོར་ཟས་སྡིག་སྒྲིབ་བྱང༔ བརྒྱད་བསྐོར་ན་ས་བརྒྱད་མངོན་དུ་གྱུར༔ ཕ་མའི་དྲིན་ལན་སོད༔ དགུ་བསྐོར་ན་ཕྱི་མ་མི་ལུས་ལེན༔ ཁྱད་པར་གསང་སྔགས་ཀྱི་བདག་པོ་འགྱུར༔ བཅུ་བསྐོར་ན་རྔ་གཡབ་ཨོ་རྒྱན་གླིང་དུ་སྐྱེ༔ ཁྱད་པར་ཨོ་རྒྱན་ཐུགས་སྲས་སུ་འགྱུར༔ བཅུ་གཅིག་བསྐོར་ན་ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྐྱེ༔ བཅུ་གཉིས་བསྐོར་ན་གྲུབ་ཐོབ་རྒྱ་མཚོས་དབང་བསྐུར༔ བཅུ་གསུམ་བསྐོར་ན་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ༔ འོད་དཔག་མེད་ཀྱི་ཞལ་མཐོང༔ དེ་རྣམས་རྩེ་བསྐོར་ཡིན༔ འགྱུར་ནི་བསྐོར་བ་རེ་ལ་འབུམ་ཐེར་རེ་འགྱུར༔ བར་བསྐོར་རེ་ལ་འབུམ་ཐེར་གཉིས་རེ༔ མཐའ་བསྐོར་གཅིག་ལ་འབུམ་ཐེར་གསུམ་རེ་འགྱུར༔ ཁྱད་པར་དུ་དུས་ཁྱད་འཕགས་ཚེས་བཅུ་སོགས་ལ་བསྐོར་ན་བསྐོར་བ་བྱེ་བ་འགྱུར༔ སྤྲེའུ་ལོ་དང་སྤྲེལ་ཟླ་ལ་བསྐོར་ན་བསྐོར་བ་རེ་ལ་བཛྲ་གུ་རུ་དུང་ཕྱུར་བརྒྱ་རེ་བཏོན་པ་དང་ཕན་ཡོན་མཉམ༔ མདོར་ན་ཐུན་མོང་གི་བར་ཆད་ཐམས་ཅད་སེལ་ཞིང་མཆོག་གི་དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད་ན་འགྲུབ་པར་འགྱུར་རོ༔ ཞེས་པ་ལྟར་རོ། །
  བརྒྱད་པ། རྒྱམ་རྒྱལ་རྡོ་ཏི་གངས་དཀར་གནས་ཁྱད་དུ་འཕགས་ཚུལ།
  བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། སྤྱིར་གནས་མཆོག་ཆེན་པོ་རྡོ་ཏི་འདི༔ མདོ་གནས་སྔགས་གནས་གཉིས་ཀ་ཡིན༔ གསར་གནས་རྙིང་གནས་གཉིས་ཀ་ཡིན༔ སྦས་གནས་སྒྲུབ་གནས་གཉིས་ཀ་ཡིན༔ ཞི་གནས་དྲག་གནས་གཉིས་ཀ་ཡིན༔ ཡབ་གནས་ཡུམ་གནས་གཉིས་ཀ་ཡིན༔ བཀའ་གནས་གཏེར་གནས་གཉིས་ཀ་ཡིན༔ བན་གནས་བོན་གནས་གཉིས་ཀ་ཡིན༔ གནས་ཆེན་གནས་ཕྲན་གཉིས་ཀ་ཡིན༔ རྒྱ་གནས་བོད་གནས་གཉིས་ཀ་ཡིན༔ ཕྱི་གནས་ནང་གནས་གཉིས་ཀ་ཡིན༔ ཁྱད་པར་འཕགས་པའི་གནས་མཆོག་འདི༔ ཡེ་ཤེས་འཇིག་རྟེན་གཉིས་ཀ་ཡིན༔ ལན་གཅིག་མཇལ་བ་ཙམ་གྱིས་ཀྱང༔ བསྐལ་པ་མང་པོའི་སྡིག་སྒྲིབ་དག༔ བསྐོར་བ་ལན་གཅིག་བྱས་པས་ན༔ ངན་སོང་གཡང་ལས་སྐྱོབ་པར་ནུས༔ ཞེས་པ་དང་། རི་བོ་ཤེལ་གྱི་མཆོད་རྟེན་འདི༔ འགྲོ་བའི་མཆོད་པའི་རྟེན་དུ་གྱུར༔ རྩེ་མོ་ལྷ་ཡི་ཡུལ་དུ་སླེབས༔ དེ་ལ་ལྷ་ཡིས་དབྱངས་བསྐོར་བྱེད༔ སྟེང་ཕྱོགས་ལྷ་རྣམས་མཐོ་རིས་འདྲེན༔ བར་ཕྱོགས་མི་ཡི་ཡུལ་དུ་བཞུགས༔ མི་རྣམས་ཕྱག་དང་མཆོད་བསྐོར་བྱེད༔ སྐྱེ་འགྲོའི་མཆོད་གནས་འགྲོ་དོན་བྱེད༔ རྩ་བ་ཀླུ་ཡི་ཡུལ་དུ་ཟུག༔ ཀླུ་ཡི་ཚོགས་ཀྱིས་དབྱངས་བསྐོར་བྱེད༔ ཕྱི་ནི་ཏི་སེ་གངས་ཀྱི་དབྱིབས༔ ཤེལ་གྱི་མཆོད་རྟེན་གྲུ་བཞི་པ༔ འདི་མཐོང་བ་ཙམ་གྱིས་གནས་ངན་ཆོད༔ ནང་ནི་དག་པ་ལྷ་ཡི་ཞིང༔ དུས་གསུམ་རྒྱལ་བས་ནམ་མཁའ་གང༔ དཀྱིལ་འཁོར་གྲུ་བཞི་ཚུལ་དུ་གནས༔ གྲུབ་ཐོབ་རྣམས་ཀྱིས་ཞབས་ཀྱིས་བཅག༔ ཅེས་པ་དང་། རྒྱམ་རྒྱལ་རྡོ་ཏི་གངས་དཀར་འདི༔ རྩེ་མོ་གསུམ་དུ་འདུག་པ་དེ༔ ཕྱི་ལྟར་རིག་གསུམ་མགོན་པོ་ཡིན༔ ནང་ལྟར་དུས་གསུམ་སངས་རྒྱས་ཡིན༔ གསང་བ་ཆོས་ལོངས་སྤྲུལ་གསུམ་ཡིན༔ ཞེས་པ་དང་། ཡང་། གཙོ་བོའི་མདུན་གྱི་གངས་ར་འདི༔ རྒྱང་ནས་མཇལ་ན་པད་ཞྭ་འདྲ༔ རྩ་ནས་སེང་གེའི་མགོ་བོ་འདྲ༔ གངས་ཏི་སེ་མཇལ་དང་ཁྱད་པར་མེད༔ མདུན་དུ་མཚོ་གསུམ་འདུག་པ་དེ༔ ཨོ་རྒྱན་པདྨའི་བླ་མཚོ་དང༔ མཁའ་འགྲོ་སེང་གདོང་དཀར་མོའི་བླ་མཚོ་ཡིན༔ གནས་ཀྱི་ཤར་གྱི་སྒོ་སྲུང་ཡིན༔ མ་ཕམ་གཡུ་མཚོ་མཇལ་དང་ཁྱད་པར་མེད༔ མཚོ་རྡིལ་ལུས་ལ་བཅངས་གྱུར་ན༔ ཐོག་དང་ནད་རིམ་མཚོན་ཆ་རྣམས༔ བསྲུང་བ་འགྱུར་ཏེ་ཐེ་ཚོམ་མེད༔ བྱད་ཀ་ཕུར་ཀ་ཟུག་པ་ལ༔ མཚོ་དེར་ཚོགས་འཁོར་འཕུལ་བ་ན༔ བྱེད་ཀ་ཕུར་ཀ་ཟློག་པ་ནུས༔ ཞེས་པ་ལྟར་རོ། །
  དགུ་པ། གནས་ཡིག་གཏེར་ལས་བཏོན་ཚུལ་དང་གནས་སྒོ་འབྱེད་ཚུལ།
  མདོ་ཁམས་གནས་ཆེན་ཉེར་ལྔའི་གནས་མང་ཤོས་དང་གནས་ཕྲན་དུ་མ་ཞིག་གཏེར་ཆེན་མཆོག་འགྱུར་གླིང་པས་གནས་སྒོ་ཕྱེས་པ་བཞིན་རྡོ་ཏི་གངས་དཀར་ཡང་མཆོག་གླིང་ལགས་ཀྱིས་གནས་སྒོ་ཕྱེས་ཞིང་། འབྲི་ཆུ་གསེར་ལྡན་འབབ་པའི་འགྲམ་རྒྱུད་མེ་སེང་བྲག་གམ་གནས་རིན་ཆེན་ཤེལ་བྲག་ནས་གནས་ཡིག་གཏེར་ནས་བླངས་པ་དང་། རྡོ་ཏིའི་གནས་ཡིག་དང་བསང་སོགས་མཛད། སྐབས་དེར་གནས་སྒོ་འབྱེད་དུས་སུ་གནས་དེའི་འཁོར་གྱི་རྗེ་འབངས་ཀྱི་ཚུལ་ནི། རྒྱམ་གངས་རི་ཤེལ་གྱི་མཆོད་རྟེན་གྱི་ལོ་རྒྱུས་ཕན་ཡོན་མདོར་བསྡུས་ཞེས་པར། ཁོ་བོས་གནས་སྒོ་འབྱེད་པའི་སྐབས་འདི་རུ། །གསང་ཆེན་སྔ་འགྱུར་རྙིང་མའི་བརྒྱུད་འཛིན་པ། །རང་དང་རིག་མ་མིང་སྲིང་དབོན་རིགས་དང་། །གྲྭ་སློབ་དཔལ་ཁྱིམ་ཨ་མྱེའི་ཚོགས་ཐམས་ཅད། །དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པ་ཡི། །ཐར་རྩེའི་དགེ་བཤེས་བུངྔྷའི་མཚན་ཅན་དང་། །རྗེ་བཙུན་དྭགས་པོ་བཀའ་བརྒྱུད་འཛིན་པ་ཡི། །ཟུར་མང་དྲུང་པ་རིན་པོ་ཆེ་དང་ནི། །བན་ཆེན་དགོན་པའི་བླ་མ་བསྟན་འཛིན་དབང་། །བླ་བོ་དགོན་གྱི་བླ་གྲྭ་དུ་མ་བཅས། །རི་བོ་དགེ་ལྡན་མཆོག་གི་བརྒྱུད་འཛིན་པའི། །རླུང་གཤིས་དགོན་གྱི་བླ་མ་འཇམ་དབྱངས་སོགས། །སངས་རྒྱས་བསྟན་པའི་རིང་ལུགས་འཛིན་ཀུན་དང་། །བོན་གྱི་བསྟན་འཛིན་གཡུང་དྲུང་ཞུ་ལ་སོགས། །བན་བོན་གྲུབ་མཐའ་མང་པོ་འདུས་པའི་ཕྱིར། །གནས་འདིར་བརྟེན་ནས་བསྟན་པ་སྤེལ་ན་དར། །གནས་འདིར་འགྲོ་དོན་མཐའ་ནས་མཐའ་དག་ཏུ། །གངས་རྒྱལ་ཏི་སེ་ཙཱ་རི་དང་མཚུངས་ནས། །འདབས་སུ་གནས་པའི་བུ་ཆེན་ར་དྷ་དང་། །གྲའུ་ལ་སོགས་རྒ་པ་ཚོ་དྲུག་དང་། །རག་ཤུལ་ཟུར་མང་ལྷ་ཐོག་ལ་སོགས་ཀྱང་། །མི་ཉམས་དར་བའི་མཚན་མ་བཟང་དུ་བྱུང་། །དེ་ཕྱིར་ཀུན་ནས་གནས་ལ་བཀུར་སྟི་མཛོད། །བཀྲ་ཤིས་བདེ་ལེགས་ངེས་པར་འབྱུང་བ་ངེས། །རྡོ་རྗེ་རྒྱལ་མཚན་མཚོ་སྨན་ཀླུ་བདུད་བཅས། །གནས་འདིར་སྲུང་ལ་ལེགས་ལམ་སྡོང་གྲོགས་དང་། །ཉེས་བྱས་མ་ལུས་ཆམ་ལ་འབེབས་པར་མཛོད། །གནས་ལ་བཞུགས་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །འགྲོ་ལ་གནས་སྐབས་མཐར་ཐུག་བདེ་བའི་དཔལ། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་བདེ་ལེགས་སྩོལ། །ཅེས་པ་ལྟར་ཡིན་པ་དང་། གནས་སྒོ་འབྱེད་དུས་ཀྱི་དུས་རིམ་དང་ཉམས་སྣང་ཁྱད་པར་བ། སྐོར་ལམ་གཏོད་ཚུལ་སོགས་གཏེར་ཆེན་མཆོག་གླིང་རང་གིས་མཛད་པའི་རྒྱམ་གངས་རི་ཤེལ་གྱི་མཆོད་རྟེན་གྱི་ལོ་རྒྱུས་ཕན་ཡོན་མདོར་བསྡུས་སུ་གསལ་པོར་མཇལ་རྒྱུ་ཡོད་དོ། །
  བཅུ་པ། རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་པདྨ་ཤེལ་རིའི་སྐོར་ལམ།
  སྤྱིར་གནས་དེར་ལོ་རེའི་དབྱར་སྟོན་སྐབས་སུ་གནས་སྐོར་བྱེད་སྲོལ་ཡོད་ཅིང་། གནས་དེའི་གནས་སྒོ་བྱེ་བའི་དུས་ནི་སྤྲེལ་གྱི་ལོ་ལ་ཡིན་པས་སྤྲེལ་ལོ་ལ་བསྐོར་བ་བརྒྱབ་ན་ལྷག་ཏུ་ཕན་ཡོན་ཆེ་བ་གནས་ཡིག་ཏུ་གསལ། གནས་དེ་བསྐོར་བར་རྩེ་སྐོར་བར་སྐོར་མཐའ་སྐོར་བཅས་སྐོར་ལམ་གསུམ་ཡོད་པ་དང་། མཐའ་སྐོར་ནི་གནས་འདིའི་ཤར་གྱི་སྐུ་རྒྱན་དཀར་ཡག་དང་ལྷོའི་རི་དབང་ལྗང་བཀྲ། ནུབ་ཀྱི་གཡུ་ཡི་བྲག་རིང་། བྱང་གི་བོ་རོག་ལྷ་རྒོད་བཅས་སྒོ་སྲུང་བཞི་ནང་དུ་ཚུད་པའི་སྐོར་ལམ་དེ་ཡིན་པ་དང་། བར་སྐོར་ནི་ཛ་ལ་དང་རྒྱམ་གཞུང་སྦྲུལ་ལྕེ་སྣ། ཧ་རི་ལ། ཀ་ནེ་ལ། ཤང་ལ། དཔལ་ཐང་བཅས་བརྒྱུད་དགོས་པའི་སྐོར་ལམ་དེ་ཡིན། རྩེ་སྐོར་ནི་པདྨ་ཤེལ་རིའི་མདུན་གྱི་སྲིའུ་འོ་མཚོ་ནས་བཤད་ན་རིམ་བཞིན་སྒྲོལ་མ་ལ་དང་ཞལ་མཇལ་ལ། སྔོན་མོ་བྱ་འདྲེད་བྱེའུ་འདྲེད་ལ། གོང་མོ་ལ། མཁའ་འགྲོ་གངས་དཀར་ལ། དབང་ཆེན་རྟ་མགྲིན་ལ། གཞལ་ཡས་ལ། བྱ་རོག་གདོང་། ཞིང་སྐྱོང་ལ་བཅས་ལ་དགུ་ལུང་བཅུ་བརྒྱུད་ནས་ཉིན་གཅིག་གི་རིང་ལ་སྐོར་བ་རྒྱག་དགོས། རྩེ་སྐོར་རྒྱག་པའི་དུས་ལེགས་ཤོས་ནི་ལོ་རེའི་དབྱར་ཟླ་མཐའ་མ་དང་དེའི་ཉ་སྟོང་ཚེས་བཅུའི་སྐབས་ཡིན་ཞིང་། རྩེ་སྐོར་རྒྱག་པའི་སྐོར་ཚུགས་ནི། པདྨ་ཤེལ་རིའི་མདུན་གྱི་སྲིའུ་འོ་མཚོའི་འགྲམ་དུ་ཚུགས་བབས་ནས་རྩེ་སྐོར་རྒྱག་དགོས་པ་དང་། པདྨ་ཤེལ་རིའི་སྐུ་རྒྱབ་མཁའ་འགྲོའི་མཚོ་འགྲམ་དང་ཡང་ན་ཛ་ཆུ་ཉལ་དུ་ཚུགས་བབས་ནས་རྩེ་སྐོར་རྒྱག་དགོས་པ་བཅས་གཙོ་བོ་གཉིས་ཡོད།
  བཅུ་གཅིག་པ། རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་པདྨ་ཤེལ་རི་སྐོར་སྟངས།
  མཚོ་ཁའི་རྡོ་བརྐོས་གནས་ཡིག་ཏུ་བཀོད་པ་ལྟར། གནས་འདི་བསྐོར་བར་འགྲོ་དུས་དོན་མེད་འཆལ་གཏམ་སྤངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་འདི་བཞིན་ཡིན་པ་དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཁྱད་དུ་གནས་ཀྱི་བསྐོར་བ་བྱེད་སྙམ་པའི་སེམས་བསྐྱེད་དགོས། དང་པོ་འགྲོ་ཁ་ལ། ཨོཾ་ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ་ཡིས་ཕྱག་འཚལ། ན་མོ་བྷ་བ་ཏེ་རཏྣ་ཀེ་རུ་རཱ་ཛཱ་ཡཱ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ་སམྱག་སཾ་བུདྡྷཱ་ཡ། ཏདྱ་ཐ། རཏྣེ་རཏྣེ་མ་ཧ་རཏྣེ་རཏྣེ་བི་ཛྲཱ་ཡེ་སྭཱ་ཧཱ། སྔགས་འདི་ལན་གསུམ་བཟླས་ནས་བསྐོར་བའི་སྐབས་ཁ་བཏོན་དཔག་ཏུ་མེད་པར་འགྱུར་བའི་ཕན་ཡོན་ཡོད་པ་གསུངས་སོ། །ལ་ཁ་སོགས་ལ་ཀི་བསྭོ་འབོད་པ་སོགས་འུར་སྒྲ་བྱེད་མི་རུང་། གལ་ཏེ་བྱས་ན་ཐོག་སེར་བུ་ཡུག་གངས་རུད་རྒྱག་པ་སོགས་ཀྱིས་འཇིགས་པ་བྱིན་པ་འོང་ངེས་ཡོད། དེ་ཕྱིར་བཛྲ་གུ་རུ་བགྲོངས་ནས་འགྲོ། ཐོག་མར་ཆུ་ཕྱར་ནས་ཁྲུས་བྱ། སྒྲོལ་མ་ལ་ནས་སྒྲོལ་མ་འདོན། ཞལ་མཐོང་ལ། གང་མོ་ལ། དབང་ཆེན་ལ་མཁའ་འགྲོ་གངས་དཀར་ལ་ཞིང་སྐྱོང་ལ་རྣམས་ཀྱི་ལ་ཁར་བསམ་པ་ལྷུན་གྲུབ་དང་བར་ཆད་ལམ་སེལ་འདོན་དགོས། མ་ཤེས་ན་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་སོགས་རྡོ་རྗེའི་ཚིག་རྐང་དྲུག་མ་བསམ་པ་ལྷུན་གྲུབ་དང་བར་ཆད་ལམ་སེལ་གཉིས་ཚང་ཡོད་པ་དེ་འདོན་དགོས།
  བཅུ་གཉིས་པ། གནས་བདག་རྡོ་རྗེ་རྒྱལ་མཚན་གཙོ་འཁོར་གསུམ་གྱི་ཆ་བྱད།
  རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་པདྨ་ཤེལ་རི་གྱི་གཏེར་སྲུང་གནས་བདག་གཙོ་བོ་གསུམ་སྟེ། རྒྱམ་རྡོ་ཏི་གངས་དཀར་གཉན་པོའི་གསོལ་མཆོད་ཕྲིན་བཅོལ་ལས་བཞི་མྱུར་འགྲུབ་ཅེས་པར། ཀྱེེ། འཕགས་མཆོག་ཐུགས་རྗེ་ཆེན་པོས་བྱིན་བརླབས་གནས། །མདོ་ཁམས་གླིང་ཁྲི་བར་མའི་ནོར་འཛིན་གཞི། །སྐྱོང་ཞིང་རྒྱལ་བསྟན་སྤེལ་བའི་ལྷ་ཆེན་པོ། །རིག་འཛིན་པདྨའི་བཀའ་ཉན་དམ་ཚིག་ཅན། །ས་བརྒྱད་དབང་ཕྱུག་བྱང་ཆུབ་སེམས་ལྡན་པ། །གནས་ཆེན་དྲུག་གི་ཡུལ་གཞི་གནས་བདག་གཙོ། །དགེ་བསྙེན་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། །ཀུནྡ་ལྟར་དཀར་ཞི་འཛུམ་བརྗིད་ཆགས་ཤིང་། དབུ་ལ་དུང་རྨོག་སྐུ་ལ་དུང་ཁྲབ་དང་། །བེར་དཀར་གསོལ་ཞིང་ཕྱག་གཡས་རྒྱལ་མཚན་འཕྱར། །གཡོན་པས་གཏེར་བུམ་འཛིན་ཅིང་རྟ་དཀར་ཆིབས། །དར་དང་རིན་ཆེན་སྒ་སྲབ་མཛེས་པས་སྤྲས། །རང་འདྲའི་སྤྲུལ་པ་བརྒྱད་བརྒྱད་འཁོར་ཡང་འཁོར། །བྱེ་བ་འབུམ་སྡེས་བསྐོར་བའི་དབུས་སུ་གསལ། །བར་སྣང་ག་རུ་ཌ་དང་འབྲུག་སེང་འཕྱོ། །གཡག་དཀར་ཞོལ་ཆེན་རྒྱ་སྟག་ཕྱི་ནས་འབྲང་། །རིན་ཆེན་འབྱུང་གནས་ས་མུ་དྲ་ཡི་ཀློང་། །འཇའ་ཟེར་འོད་དུ་འཁྱིལ་པའི་གུར་ཁང་དབུས། །མཚོ་སྨན་ནོར་བུ་འོད་ལྡན་འཛུམ་མཛེས་དཀར། །དབུ་སྐྲ་ཐོར་ཚུགས་ནོར་བུ་རིན་ཆེན་རྒྱན། །དར་དཀར་བེར་གསོལ་ཕྱག་གཡས་མདའ་དར་གཡོབ། །གཡོན་པས་མེ་ལོང་འཛིན་ཅིང་གཡུ་འབྲུག་ཞོན། །བསྟན་པའི་མེལ་ཚེ་རྣལ་འབྱོར་བུ་ལྟར་བརྩེ། །ལྷ་སྨན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བར་གསལ། །དུག་གི་མཚོ་ཆེན་ཁོལ་ཞིང་འབར་བའི་དབུས། །ཀླུ་བདུད་ཁ་ལ་རཀྵ་མཐུ་བོ་ཆེ། །དུད་ཁ་དབུ་དགུ་རྩ་ཞལ་ཆུ་སྲིན་གདོང་། །ཁྲོ་གཏུལ་མཆེ་གཙིགས་ལྗགས་བསྐྱེད་ཞལ་ལྷག་མ། །སྦྲུལ་མགོ་བརྒྱད་ཀྱང་གདུག་པའི་དུག་རླངས་འཕྱོ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་མཇུག་ཅན། །ལུས་ཀུན་མིག་གང་ཕྱག་གཡས་སྤུ་གྲི་འཕྱར། །གཡོན་པས་དགྲ་སྙིང་སྦྲུལ་ཞགས་འཛིན་བཞིན་ཏུ། །ཆུ་སྲིན་ལ་ཞོན་བུ་ཡུག་ཐོག་སེར་འབེབས། །ཀླུ་བདུད་ནག་པོ་འབུམ་སྡེས་བསྐོར་བར་གསལ། །ཅེས་པ་ལྟར་རོ། །
  བཅུ་གསུམ་པ། རྡོ་ཏི་གངས་དཀར་མཆེད་བརྒྱད་ཀྱི་ཆ་བྱད།
  རྡོ་ཏི་གངས་དཀར་མཆེད་བརྒྱད་ནི་གནས་བདག་རྡོ་རྗེ་རྒྱལ་མཚན་གྱི་སྤྲུལ་པ་ཡིན་ཅིང་། དེ་དག་གི་ཆ་བྱད་ནི། རྡོ་ཏི་གངས་དཀར་མཆེད་བརྒྱད་ཀྱི་བསང་མཆོད་ཡིད་བཞིན་འདོད་འཇོར། ཀྱེ། རྡོ་ཏི་གཉན་པོ་ལྷ་ཞལ་གྱི། །སྐུ་མདོག་རབ་དཀར་དུང་གི་མདོག །གཡུ་ཡི་སྨིན་མ་གསེར་གྱི་ཚེམས། །གཡུ་རལ་སྔོན་པོ་མཛེས་པར་བསིག །དུང་ཁྲབ་གཡུ་ཡིས་བརྒྱན་པ་མནབས། །ཡ་ལད་དཀར་པོའི་ཡུ་མཛེར་ཅན། །དར་དཔྱངས་དཀར་པོ་བཏགས་པ་ནི། །ཉིད་ཀྱི་དབུ་ལ་མཛེས་པར་གསོལ། །འགྲོས་ལྡན་ངང་པ་གཡུ་རྔོག་ཆིབས། །ཕྱག་ན་མདུང་སྔོན་བ་དན་དཀར། །ཐོག་ནས་ཁམས་གསུམ་གཟིགས་ཤིང་བྱོན། །སྐུ་ལྷ་བྱེ་བའི་འཁོར་གྱིས་བསྐོར། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྡོ་ཏི་དཀར་བ་དུང་རྩེ་ནི། །དངུལ་གྱི་སྐྱེས་བུ་དུང་ཚེམས་ཅན། །གསེར་གྱི་སྨིན་མ་དབུ་སྐྲ་སེར། །དཀར་པོ་དངུལ་ཁྲབ་ཆ་ག་ནི། །གསེར་གྱི་བྱང་བུས་སྤྲས་པ་གསོལ། །དངུལ་རྨོག་གསེར་གྱི་འཛེར་བུ་ཅན། །ལྷ་དར་དཀར་པོ་རྒྱན་དུ་འཕྱང་། །ས་སྙིང་ཕྲེང་བས་དོ་ཤལ་བྱས། །གསེར་མདུང་བ་དན་དཀར་པོ་ཅན། །ཕྱག་ན་བསྣམས་ཤིང་སྲིད་གསུམ་གཟིགས། །གྲོ་སྐྱ་རྔོག་ཆེན་སྟེང་ན་འགྱིང་། །སྤྲུལ་པ་བྱེ་བའི་ཚོགས་བཅས་ཀྱི། །མི་འབྲུ་ནས་བས་མང་བར་མཛོད། །རྡོ་ཏི་སྔོ་བ་གཡུ་རྩེ་ནི། །སྐྱེས་བུ་སྔོན་པོ་དངུལ་གྱི་སོ། །དུང་སྨིན་ལྕང་ལོ་རལ་པ་དཀར། །གཡུ་ཁྲབ་སྔོན་པོའི་ཆ་ག་ནི། །དུང་གི་བྱང་བུས་རབ་ཏུ་སྤྲས། །གཡུ་རྨོག་གཡུ་ཡི་འཛེར་བུ་ཅན། །ཕོད་སྔོན་རླུང་གི་བསྐྱོད་པས་མཛེས། །དུང་ཕྲེང་དོ་ཤལ་རྟ་མཆོག་ནི། །སྔོན་པོ་ཟངས་རྔོག་སྟེང་ན་བརྗིད། །དུང་གི་མདུང་ལ་དར་སྔོན་བརྒྱན། །ཕྱག་ན་ཐོགས་ཤིང་ཡུལ་ཀུན་གཟིགས། །འཁོར་དུ་དགྲ་བླ་བྱེ་བས་བསྐོར། །འདོ་བ་རྟ་རྣམས་འཕེལ་བར་མཛོད། །རྡོ་ཏི་ཁྲི་གང་སྟག་རྩེ་ནི་གསེར་གྱི་མདོག་ཅན་མུ་ཏིག་ཚེམས། །དངུལ་གྱི་སྨིན་མ་རལ་པ་ནི། །རབ་དཀར་གསེར་གྱི་ཡ་ལད་ལ། །དར་སེར་འཕྲུ་དང་མུ་ཏིག་བརྒྱན། །མུ་ཏིག་མདུང་རིང་རུ་དར་སེར། །ཕྱག་ན་འཛིན་ཅིང་འཛམ་གླིང་གཟིགས། །གཉན་རིགས་བྱེ་བའི་འཁོར་དང་བཅས། །འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །རྡོ་ཏི་མཚོ་རྒོད་མདུང་རྩེ་ནི། །ཤེལ་གྱི་སྐྱེས་བུ་ཐག་ཟངས་ཚེམས། །རིན་ཆེན་དངུལ་ལས་བྱས་པས་མཛེས། །སྨིན་མ་རལ་པ་གཡུ་ལས་གྲུབ། །ཤེལ་གྱི་ཁྲབ་རྨོག་གཡུ་ཕྲ་ཅན། །ཕོད་དར་དཀར་པོ་བཙུགས་པ་མནབས། །གཡུ་མདུང་དར་དཀར་རུ་མཚོན་ཅན། །ཕྱག་ན་ཐོགས་ཤིང་ཕྱོགས་བཅུར་གཟིགས། །ཀླུ་སྨན་བྱེ་བའི་དབུས་ན་བཞུགས། །དཀར་མོ་ལུག་གཡང་སྤེལ་བར་མཛོད། །རྡོ་ཏི་གཉན་པོ་སྟག་རྩེ་ནི། །དངུལ་མདོག་ཐག་བཟང་གཙོ་མའི་གསེར། །སྨིན་མ་རལ་པ་ཤེལ་ལྟར་འཚེར། །དངུལ་ཁྲབ་ཤེལ་གྱིས་སྤྲས་པ་བགོས། །ཟངས་རྨོག་ཤེལ་འཛེར་ཅོད་པན་དཀར།། ཕྱག་གཡས་ཤེལ་གྱི་མདུང་ཤིང་ལ།། བ་དན་དཀར་པོས་མཛེས་པ་བསྣམས། །ས་བདག་བྱེ་བའི་འཁོར་གྱི་བསྐོར། །འཛམ་གླིང་གཟིགས་ཤིང་བར་ཆད་སེལ། །རྡོ་ཏི་དམར་བ་ཟངས་རྩེ་ནི། །པད་རག་སྐྱེས་བུ་ཤེལ་གྱི་སོ། །སྨིན་མ་རལ་པ་གསེར་གྱི་མདོག། བསེ་ཁྲབ་དམར་པོའི་ཆ་ག་ལ། །གསེར་གྱི་བྱང་བུ་སྟོང་དང་ལྡན། །གསེར་གྱི་འཛེར་ཅན་བསེ་རྨོག་རྩེར། །ལེབ་རྒན་དར་གྱི་ཅོད་པན་བཙུགས། །དར་དམར་གསེར་གྱི་མདུང་ཤིང་ཅན། །གཡས་པས་འཛིན་ཅིང་རྒྱལ་ཁམས་གཟིགས། །བཙན་བདུད་བྱེ་བའི་འཁོར་གྱིས་བསྐོར། །འབྲུ་རྣམས་ཆར་ལྟར་འབེབས་མཛད་གསོལ། །རྡོ་ཏི་གཉན་པོ་གང་བཙན་ཞེས། །གསེར་གྱི་མདོག་ཅན་དུང་སོ་མཛེས། །དབུ་སྐྲ་སྨིན་མ་པད་རག་མདོག །རིན་ཆེན་དངུལ་གྱིས་རབ་སྤྲས་པའི། །གསེར་ལས་བྱས་པའི་ཡ་ལད་གསོལ། །འཕན་དར་སེར་པོ་དབུ་ལ་མཛེས། །དངུལ་མདུང་རུ་མཚོན་སེར་པོ་ཕྱར། །ཟོ་དོར་བྱེ་བའི་ཚོགས་ཀྱིས་བསྐོར། །ཀུན་གཟིགས་ཟས་གཡང་སྤེལ་བར་མཛོད། །ཅེས་པ་ལྟར་རོ། །
  བཅུ་བཞི་པ། སྒོ་སྲུང་ཆེན་པོ་བཞིའི་ཆ་བྱད།
  བསང་ཡིག་ཁག་ཏུ་སྒོ་སྲུང་ཆེན་པོ་བཞི་དང་བརྒྱད་བཅས་གྲངས་འདྲེན་སྣ་ཚོགས་དང་མིང་བརྗོད་སྟངས་འགའ་ཤས་ཡོད་པ་ལས། གཏེར་སྲུང་བསང་མཆོད་མི་མཐུན་ཉེས་སེལ་དངོས་གྲུབ་ཆར་འབེབས་སུ་བཀོད་པ་ལྟར་ན་ནི། ཤར་གྱི་སྒོ་སྲུང་སྐུ་རྒྱལ་དཀར་ཡག་ནི། །མི་དཀར་རྟ་དཀར་རྡོ་རྗེ་བ་དན་འཛིན། །ལྷོ་སྒོའི་དགེ་བསྙེན་རི་དབང་རྫ་བཀྲ་ནི། །མི་སེར་རྟ་སེར་ནོར་བུ་མདུང་དར་ཕྱར། །ནུབ་སྒོའི་ལས་བྱེད་གཉན་དམར་ལྷ་རྩེ་ནི། །མི་དམར་རྟ་དམར་མདུང་དམར་རུ་མཚོན་འཛིན། །བྱང་སྒོའི་ལས་བྱེད་བོ་རོག་ལྷ་རྒོད་ནི། །མི་ལྗང་རྟ་ལྗང་རལ་གྲི་མདུང་ཞགས་འཕེན།། ཀུན་ཀྱང་རཏྣའི་ཁྲབ་རྨོག་འཁོར་གསུམ་བསྐོར། །ཅེས་པ་ལྟར་རོ། །
  བཅོ་ལྔ་པ། འཁོར་དང་ལས་བྱེད་ཚོའི་ཆ་བྱད།
  གཏེར་སྲུང་བསང་མཆོད་མི་མཐུན་ཉེས་སེལ་དངོས་གྲུབ་ཆར་འབེབས་སུ་བཀོད་པ་ལྟར་ན་ནི། ཕོ་ཉ་ག་ནམ་མཆེད་བརྒྱད་བདུད་ཀྱི་རྗེ། །མི་ནག་རྟ་ནག་མདུང་དར་བདུད་ཞགས་འཕེན། །ནང་བློན་ལྷ་ཡི་དགེ་བསྙེན་སྐྱོང་པོ་བརྒྱད། །མི་དཀར་རྟ་དཀར་མདུང་དར་བ་དན་དཀར། །བར་བློན་བཙན་གྱི་དགེ་བསྙེན་རག་རྒོད་བརྒྱད། །མི་དམར་རྟ་དམར་མདུང་དམར་བ་དན་དམར། །ཕྱི་བློན་བདུད་ཀྱི་དགེ་བསྙེན་མགར་བ་བརྒྱད། །མི་ནག་རྟ་ནག་ཐོག་མདའ་གློག་ཞགས་འཕེན། །ཕོ་ཉ་དགེ་བསྙེན་དྲག་པོའི་དམག་དཔོན་བརྒྱད། །མི་སྔོན་རྟ་སྔོན་རལ་གྲི་མདུང་དར་ནག། རང་མདོག་རཏྣའི་ཞུབ་ཅན་དཔའ་ཆས་བརྗིད། །འཁོར་གསུམ་སྐེད་བསྐོར་རྫུ་འཕྲུལ་ཐོགས་མེད་བདག །ཅེས་པ་དང་། གཞན་ཡང་གཞི་བདག་གཞན་ལ་དཀོན་པའི་ལས་བྱེད་འགའ་ཡོད་པ་ནི། རྒྱམ་རྒྱལ་པདྨ་ཤེལ་རིའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དུ་ལྟ་བྱེད་དོམ་ར་དང་། །རྒྱུག་བྱེད་མགྱོགས་ཆུ་དང་། །མྱོང་བྱེད་སྦྲུལ་གྱི་ལྕེ། །ཉན་བྱེད་རྣ་བ་དང་། །སྣོམ་བྱེད་སྣ་ཡི་ཕུག །རྡུང་བྱེད་རྡོ་ཡི་རྭ། །སྙོབ་བྱེད་སེང་སྦར་དང་། །ནག་རེས་བདུད་མཚེ་དང་། །དབའ་ཐིལ་འཛུམ་མེ་སོགས། །ཟ་བྱེད་གསོད་བྱེད་རྣམས། །འདོད་ཡོན་ལྔ་ཡིས་མཆོད། །ཅེས་པ་ལྟར་རོ། །ད་དུང་རྒྱམ་རྡོ་ཏི་མཆེད་བརྒྱད་འཁོར་བཅས་ཀྱི་བསང་མཆོད་རྒྱས་པ་ལས། གསེར་མཚོ་གཡུ་མཚོ་རྒྱམ་གྱི་མཚོ་ནག་དང་། །སྲིའུ་མཚོ་སྨན་ག་ནམ་པད་མཚོ་དང་། །འོ་མཚོ་བདུད་མཚོ་བཙན་མཚོ་ལ་སོགས་པའི། །མཚོ་སྨན་བརྒྱ་དང་རྩ་བརྒྱད་འཁྱིལ་བ་ལས། །ལྷ་སྨན་ཀླུ་སྨན་ལ་སོགས་བརྒྱ་རྩ་བརྒྱད། །རྡོ་ཏི་གཉན་པོ་མཆེད་བརྒྱད་ལྕམ་མོ་སྟེ། །རེ་རེ་ལ་ཡང་རང་རང་འདྲ་བ་ཡི། སྤྲུལ་པའི་ལྕམ་མོ་ཁྲི་ཕྲག་རེ་དང་ལྡན། །ཞེས་པ་དང་ག་ནམ་ལ་སོགས་རྫ་རི་གཉན་པོ་བརྒྱད། །ཨ་རྐྱང་ལ་སོགས་བྲག་རི་གཉན་པོ་བརྒྱད། །དཔལ་ཐང་ལ་སོགས་ཐང་ཆེན་བརྒྱ་རྩ་བརྒྱད། །ཁྲ་མདའ་ལ་སོགས་ཆུ་མིག་བརྒྱ་རྩ་བརྒྱད། །དེ་རྣམས་ལ་ཡང་ལྷ་ཀླུ་བཙན་བདུད་དང་། །གནོད་སྦྱིན་དྲི་ཟ་བྱེ་བ་མང་པོ་ལྡན། །ཞེས་པ་ལྟར་མཚོ་དང་བྲག རྫ། ཆུ། ཐང་སོགས་ཀྱི་གཞི་བདག་འཁོར་ཚོགས་བརྗོད་ཀྱིས་མི་ལོངས་པ་དུ་མ་ཡོད་དོ། །
  བཅུ་དྲུག་པ། གནས་ཀྱི་རང་བྱུང་བཀོད་པ་སོགས།
  རྡོ་ཏི་གངས་ར་འདིའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་དྲུག་སྟོང་ཙམ་ཞིག་ཡོད་ཅིང་། གནའ་ནས་བོད་ཀྱི་གངས་ར་ཉེར་ལྔའི་གྲས་སུ་བགྲངས་ལ་འབྲི་ཟླ་ཟལ་མོ་སྒང་གི་སྲིད་པའི་གངས་འཁྱགས་ཆེ་ཤོས་དེ་ཡིན་ཅིང་འབྲི་ཟླ་ཆུ་བོ་རྣམ་གཉིས་ཀྱི་ཆུ་མཛོད་ཆེ་ཤོས་ཤིག་རེད། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གཙོ་བྱེད་པའི་ཡུལ་ཁམས་འདིར་ཆུ་བོ་འབྲི་ཟླ་རྨ་གསུམ་གྱི་འབྱུང་ཡུལ་ལམ་ཀྲུང་ཧྭ་ཆུ་མཛོད་ཅེས་པའི་མཚན་སྙན་གང་སར་ཁྱབ་བཞིན་ཡོད་ན་གནས་ཆེན་རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་འདི་ཉིད་ནི་ཆུ་མཛོད་ནང་གི་ཡང་མཛོད་ཅིག་ཡིན། གངས་དཀར་མཆེད་བརྒྱད་གཙོ་བྱེད་པའི་གནས་ཀྱི་གངས་རི་དག་གི་འདབས་རོལ་ལ་རྒྱམ་མཚོ་ནག་དང་ག་ནམ་ཁྲག་མཚོ། མཁའ་འགྲོ་གཡུ་མཚོ། སྲིའུ་འོ་མཚོ་སོགས་ཁ་དོག་མི་གཅིག་པའི་མཚོ་མོ་བརྒྱ་དང་བརྒྱད་འཁྱིལ་ཞིང་། རྡོ་ཏིའི་བསང་ཡིག་ཏུ་ག་ནམ་ལ་སོགས་རྫ་རི་གཉན་པོ་བརྒྱད། །ཨ་རྐྱང་ལ་སོགས་བྲག་རི་གཉན་པོ་བརྒྱད། །དཔལ་ཐང་ལ་སོགས་ཐང་ཆེན་བརྒྱ་རྩ་བརྒྱད། །ཁྲ་མདའ་ལ་སོགས་ཆུ་མིག་བརྒྱ་རྩ་བརྒྱད། ཅེས་གངས་རི་དང་བྲག་རི། རྫ་རི། ནགས་རི། སྤང་རི། སྤང་ཐང་། ནེའུ་གསེང་། ཆུ་བོ། མཚོ་མོ་སོགས་རང་བྱུང་ཁོར་ཡུག་མིག་ལ་མཛེས་ཤིང་ཡིད་ལ་འཁོར་བ་དང་། གསའ་གཟིག་གཡི་སོགས་གཅན་གཟན་སྣ་ཚོགས་དང་ཤ་གནའ་དགོ་སོགས་རི་དྭགས་སྣ་ཚོགས། ཁྲ་གླག་ཁྲུང་སོགས་འདབ་ཆགས་སྣ་ཚོགས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་བདེ་ལྡན་ཞིང་ཁམས་ལ་གྱུར་ཡོད་ཅིང་། རང་གི་ཚེ་སྲོག་ལས་ཕ་གཞིས་གཅེས་པར་འཛིན་པའི་བྱམས་ལྡན་མི་རིགས་ཤིག་གི་ཡ་རབས་རིག་གནས་སྤེལ་བའི་འབྲོག་ཐང་གི་གནས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན་པ་དང་། གཞན་ཡང་གནས་དེའི་བྱང་ཕྱོགས་སུ་སངས་རྒྱས་སྨན་བླས་བྱིན་གྱིས་བརླབས་པའི་ཛ་ཆུ་ཉལ་ཞེས་མཚན་སྙན་ཕྱོགས་ཀུན་ལ་ཁྱབ་ཅིང་ཞ་ནད་དང་མགོ་ནད་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་ལ་ཕན་པའི་ཆུ་ཚན་ཞིག་ཡོད་པ་དེར་པཎ་ཆེན་དགུ་པ་ཆོས་ཀྱི་ཉི་མ་གཙོ་བྱེད་པའི་མི་ཆེན་བླ་དཔོན་དུ་མས་ཞབས་ཀྱིས་བཅགས་ཤིང་སྐུ་ཁྲུས་གསོལ་མྱོང་པ་དང་། ཕྱོགས་སོ་སོ་ནས་ཡོང་བའི་གནས་སྐོར་པ་དང་ནད་པ་མང་པོས་ཆུ་ཉལ་བྱེད་བཞིན་ཡོད་ལ་དེ་དག་གི་སྡུག་བསྔལ་རང་སར་ཞི་བཞིན་ཡོད་པ་མིག་མཐོང་ལག་ཟིན་གྱི་དོན་དངོས་རེད། དེ་ཕྱིར་རྡོ་ཏི་དུང་བརྒྱ་མ་ནི་བྱིན་རླབས་ཆེ་བའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་ཅིང་། སྨན་ཆུ་དང་ཆུ་ཚན་ངོ་མཚར་ཅན་མང་པས་རང་བྱུང་གི་སྨན་བཅོས་བྱེད་གནས་ཤིག་ཡིན་པ་མ་ཟད། ད་དུང་མཐོ་སྒང་འབྲོག་ཁུལ་གྱི་རིག་གནས་ལ་རྒྱུན་ལོན་དང་ལྟད་མོ་བལྟ་སའི་སྐྱེ་ཁམས་ཡུལ་བསྐོར་གྱི་གནས་ཡག་ཤོས་ཤིག་ཀྱང་ཡིན་ནོ། ། དགེའོ། །
༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།:དཀྱིལ་མེར་ཆ་གནས་ཀྱི་གསལ་བཤད།
  • ལེ་ཚན་རྗེས་མ།:ཁམས་སྟོང་སྐོར་གནས་རིའི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།