གནས་མཆོག་རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་པདྨ་ཤེལ་རིའི་སྐོར་ཅུང་ཙམ་གླེང་བ་དྭངས་གཙང་ཡིད་ཀྱི་མཆོད་པ།

ཟུར་མང་ཉི་མ་ཚེ་རིང་གིས་བསྒྲིགས།        2016-04-14

འཛམ་གླིང་ས་ཡི་རྩེ་མོ་བོད་ཁ་བ་ཅན་གྱི་ཞིང་ཁམས་ཏེ། སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་བོད་ལ་སྟོད་སྨད་བར་གསུམ་ཡོད་པ་ལས། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལས་འབྲི་ཟླ་ཟལ་མོ་སྒང་དུ་གཏོགས་ཤིང་། ད་ལྟ་ཆུ་བོ་འབྲི་ཟླ་རྨ་གསུམ་གྱི་འབྱུང་ཡུལ་ལམ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གི་མངའ་ཁོངས་སུ་གནས་མཆོག་རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་ཟེར་བའི་གནས་རི་ཁྱད་པར་བ་ཞིག་ཡོད་པ་དེར་ས་མགོ་མཐོ་ཚད་ལ་སྨི་དྲུག་སྟོང་ལ་ཉེ་བ་ཡོད་ཅིང་། ཡུལ་ཤུལ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པའི་སྲིད་པའི་གངས་རྒན་ཡོད་པའི་གནས་གཅིག་པོ་ཡིན་པ་དང་། བོད་ཡུལ་གྱི་སྒྲུབ་གནས་གངས་ར་ཉེར་ལྔའི་གྲས་ཀྱི་གཅིག་ཡིན་ལ། མདོ་ཁམས་གནས་ཆེན་ཉེར་ལྔའི་གྲས་ཀྱི་ཕྲིན་ལས་ཀྱིས་འགྲོ་བ་འདུལ་བའི་ཞི་བའི་གནས་ཀྱང་ཡིན་པ་དང་། གནས་དེར་གནའ་སྔར་མོ་ནས་བཞེངས་པའི་རྡོ་བརྐོས་དཀར་ཆགས་ལྟར་ན། བོད་འདིར་སྟོད་མངའ་རིས་བསྐོར་གསུམ་ལ་གནས་ཀྱི་གཙོ་བོ་གངས་ཏི་སེ་ཡིན། རྟེན་གྱི་གཙོ་བོ་སྐྱིད་རོང་ཇོ་བོ་ཡིན། བར་དབུས་གཙང་རུ་བཞིའི་གནས་ཀྱི་གཙོ་བོ་ཙ་རི། རྟེན་གྱི་གཙོ་བོ་ལྷ་སའི་ཇོ་བོ་ཡིན། སྨད་མདོ་ཁམས་སྒང་དྲུག་ལ་གནས་ཀྱི་གཙོ་བོ་རྒྱམ་གྱི་རྡོ་ཏི་གངས་དཀར། རྟེན་གྱི་གཙོ་བོ་འབིས་རྣམ་སྣང་ཡིན། ཞེས་ཁོད་ཡོད་པ་ལྟར་བོད་ཁམས་གནས་རི་གཙོ་བོ་གསུམ་གྱི་ཡ་གྱལ་ཡིན་པར་མ་ཟད། སྟོན་པ་རྫུ་འཕྲུལ་གྱིས་བྱོན་གནས་དང་སློབ་དཔོན་ཆེན་པོ་པད་འབྱུང་དངོས་སུ་བཞུགས་གནས་ཀྱི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། མིང་གཞན་ལ་གནས་མཆོག་པདྨ་ཤེལ་རིའམ་རྡོ་ཏི་དུང་བརྒྱ་མ་ཞེས་སུ་གྲགས། གཤམ་ནས་གནས་རི་དེའི་ཁྱད་འཕགས་ཀྱི་བཀོད་པ་དང་ཕན་ཡོན་སོགས་ལག་ཏུ་སོན་པའི་གནས་ཡིག་ཁག་དང་བསང་ཡིག་ཁག་ལྟར་ཅུང་ཞིག་ཁ་གསལ་དུ་དགོད་རྒྱུ་ཡིན།
  དང་པོ། རྡོ་ཏི་གངས་དཀར་ཐོག་མར་ཆགས་སྟངས།
  དེ་ཡང་བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། བསྐལ་པ་ཀུན་གྱི་ཐོག་མར་སྣང་སྲིད་ཡེ་མེད་ཀྱི་དུས་ན༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རང་བྱུང་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བའི་ཚེ༔ ཆོས་སྐུ་ཀུན་ཟླུམ་འོད་ཀྱི་ངང༔ སྐྱེ་མེད་སྤྲོས་བྲལ་མི་འགྱུར་ཀ་དག་ཡེ་སངས་རྒྱས་པའི་ཐུགས་ཀྱི་ཀློང་ནས༔ ཡེ་ཤེས་ལྔ་ཡི་འོད་ཟེར་སྣང་འཕྲོ་འདུ་བ་ལས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཞེས་བྱ་སྤྲུལ་པའི་ཐུགས་ཀ་ནས༔ ལོངས་སྐུ་གངས་ཅན་མཚོ་རྒྱལ་གྱི་ཕྱག་མཉམ་བཞག་གི་བཻཌཱུརྱ་ལྷུང་བཟེད་སྤོས་ཆུ་རྒྱ་མཚོས་གཏམས་པའི་དབུས་ན༔ ཆུ་དང་རླུང་གི་མཎྜལ་བྱེ་བ་བརྩེགས་པའི་སྟེང་དུ་ནོར་བུ་ཀུན་ཏུ་སྣང་བར་བྱེད་པའི་ཆར་གྱི་ཞིང་ཉི་ཤུ་རྩ་ལྔ་བརྩེགས་མར་ཆགས་པའི་བཅུ་གསུམ་པ་ཐུབ་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་སྟོང་གསུམ་གྱི་གླིང་ཆགས་པ་སྟེ༔ རིའི་རྒྱལ་པོ་རི་རབ་དང་གླིང་བཞི་སོགས་ཆགས་པ་ལས༔ དེ་ཡང་རྡུལ་རགས་པའི་ལྦུ་བ་སྨུག་པོ་རྒྱ་སྲན་ཙམ་གཅིག་ལ་མཚོན་པས་རྒྱམ་རྒྱལ་རྡོ་ཏི་གངས་དཀར་འདི་ཆགས་སྔ་ཞིང༔ ཞེས་པ་ལྟར་སྣང་སྲིད་ཡེ་མེད་ཀྱི་དུས་ནས་མི་མཇེད་འཇིག་རྟེན་སྟོང་གསུམ་གྱི་གླིང་ཆགས་ཤིང་རི་ཡི་རྒྱལ་པོ་རི་རབ་དང་གླིང་བཞི་སོགས་ཆགས་པ་དང་མཉམ་དུ་རྡོ་ཏི་གངས་དཀར་འདིའང་ཆགས་པའོ། །
  གཉིས་པ། རྡོ་ཏི་གངས་དཀར་གནས་སུ་བྱིན་དུ་རླབས་ཚུལ་དང་གནས་བདག་གམ་གནས་ཀྱི་སྲུང་མ་བྱོན་ཚུལ།
  སྤྱིར་གནས་རི་དང་གཞི་བདག་གཉིས་ལ་ཁྱད་པར་ཡོད་དེ། གནས་རི་ནི་བླ་ཆེན་གྲུབ་ཐོབ་གང་རུང་གིས་སྒྲུབ་པ་ཉམས་ལེན་མཛད་གནས་དང་འགྲོ་དོན་འཕྲིན་ལས་སྤེལ་གནས་བྱིན་གྱིས་བརླབས་པའི་གནས་ཡིན་པ་དང་། གཞི་བདག་ནི་གནས་སམ་རི་ལུང་གང་རུང་གི་བདག་པོ་མི་མ་ཡིན་གྱི་རིགས་ཤིག་ལ་གོ་དགོས། རྒྱམ་རྒྱལ་རྡོ་ཏི་གངས་དཀར་རམ་དགེ་བསྙེན་རྡོ་རྗེ་རྒྱལ་མཚན་གྱི་སྐོར་ལ་ནི། བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། དེ་ནས་བར་གྱི་བསྐལ་པ་ལ་རི་རབ་ཀྱི་རྩེ་མོར་ལྷ་ཆེན་པོ་མ་ཧཱ་དེ་བ་དང༔ ལྷ་མོ་ཨུ་མ་དེ་བ་གཉིས་ཀྱིས་བཟུངས་ནས་གླིང་བཞི་གླིང་ཕྲན་གྱི་ཡུལ་ཆེན་པོ་ཉེར་བཞི༔ གནས་སུམ་ཅུ་རྩ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་གནས་དེརཿ ཞིང་སྐྱོང་དང༔ ལང་ཀ་དང༔ ཕྲ་མེན་ལ་སོགས་དྲེགས་པ་ཅན་མང་དུ་བསྡུས་ནས་རྡོའི་ཕོ་མོའི་མཚན་མ་རེ་རེ་བཞེངས༔ ལྷ་ཆེན་པོ་མཆོད་པའི་ཕྱིར་དུ་གླིང་བཞིའི་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་བསྡུས་ཏེ་ཉིན་རེ་བཞིན་དམར་མཆོད་དཔག་མེད་བྱས་པས༔ དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་ནུབ་ཏུ་ཉེ་བས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་བསྡུས་ཏེ༔ བཅོམ་ལྡན་རྡོ་རྗེ་འཛིན་རི་རབ་ཀྱི་རྩེ་ནས་རྫུ་འཕྲུལ་གྱིས་འོག་མིན་ཆོས་ཀྱི་དབྱིངས་སུ་སོང་ནས་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་འདུལ་ཐབས་ཞུས་པས༔ རྡོ་རྗེ་འཆང་ཆེན་པོས་རྒྱུ་ཡི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་མཉམ་པར་སྦྱོར་དུ་ཡོད་པ་མཛད་དེ༔ རི་རབ་ཀྱི་རྩེ་མོར་མ་ཧཱ་དེ་བ་གནས་པའི་ཐད་དུ་གཤེགས་ནས་འཁོར་འདུལ་བའི་ཕྱིར་དུ་འབྲས་བུའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་སྐུ་ཤིན་ཏུ་འཁྲོས་པའི་ཉམས་ཅན་སྒེག་པ་འཇིགས་གཏུམ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱི་རོལ་པས་མ་ཧཱ་དེ་བ་བཏུལ་ནས༔ དོན་ཧེ་རུ་ཀ་རྡོ་རྗེ་འཛིན་པ་སྤྲུལ་ནས་ལྷ་ཆེན་ཡབ་ཡུམ་བསྒྱེལ་པའི་སྟེང་དུ་བཞུགས་པས་ལྷ་ཆེན་པོས་ཟག་པ་ཤོར་བ་ལས་དཔག་བསམ་གྱི་ཤིང་ཆེན་པོ་བྱུང༔ ཀླད་པ་ལས་བོད་ཀྱི་གངས་ར་ཉེར་ལྔ་བྱུང༔ ཁྲག་རྣམས་བླ་མཚོར་གྱུར༔ རུས་པ་དུར་ཁྲོད་དུ་གྱུར༔ ནང་ཁྲོལ་རྣམས་རང་བྱོན་གྱི་གཟུགས་སྐུའི་སྤྲུལ་པས༔ སྟེང་གི་ལྷ་བརྒྱད༔ འོག་གི་ཀླུ་བརྒྱད༔ བར་གྱི་གཉན་བརྒྱད༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ འཇིགས་བྱེད་ཆེན་པོ་དགུ་དང༔ གཙང་རིས་ཀྱི་དཔལ་མགོན་ཐམས་ཅད་འཁོར་དུ་བཙུད༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ་ཞིང་སྐྱོང་མ་མོ་ལང་ཀ་འདུལ་བའི་ཕྱིར་དུ་དཔའ་བོ་ཐོད་པའི་དུམ་བུ་སོགས་དང༔ ཕྱི་ལྟར་ན་དཔའ་བོ་མཁའ་འགྲོ་རྒྱ་མཚོ་སྐུ་རི་རབ་ཀྱི་རྡུལ་དང་མཉམ་པའི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པར༔ ནང་ལྟར་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས༔ གསང་བ་ལྟ་ན་བདེ་མཆོག་ལྷ་ལྔ་ལ་སོགས་པ་སྤྲུལ་ནས༔ དེའི་ཚེ་གསང་སྔགས་རྒྱུ་འབྲས་འདས་དང་མ་འདས་པའི་ཆོས་བསམ་གྱིས་མི་ཁྱབ་པ་གསུང་པའི་དུས་སུ༔ རྡོ་ཏི་གངས་དཀར་གྱི་ར་བ་འདི་ཡང་གནས་སུ་བྱིན་གྱིས་བརླབས༔ མ་ཧཱ་དེ་བ་ལ་གསང་བའི་བུ་འཆོལ་པོ་བརྒྱད་ཡོད་པ་དེ་འདིར་བསྐོས་ནས་གནས་སྲུང་དུ་ཁས་བླངས༔ ཞེས་པ་ལྟར། རང་རེ་བོད་ཀྱི་ངག་རྒྱུན་རིག་གནས་ཁྲོད་དུ་གནས་ཀྱི་སྲུང་མའམ་གཞི་བདག་ནི་གནས་དེར་ཡོད་པའི་མི་མ་ཡིན་ཏེ། ལ་ལ་ནི་ལྷ་དང་ལྷ་མིན་ནས་ཡོང་ཞིང་འགའ་ཞིག་མི་ནས་འགྱུར་བ་དང་། འགའ་ཞིག་དུད་འགྲོ་དང་ཡི་དྭགས་ནས་འགྱུར་བ་སོགས་སྣ་ཚོགས་ཡོད་པ་ལས་རྡོ་ཏི་ནི་ལྷ་ཡུལ་ནས་གནས་འདིར་ཡོང་ཞིང་མཆེད་བརྒྱད་ངོ་བོ་གཅིག་ཏུ་སྤྲུལ་ན་རྡོ་རྗེ་རྒྱལ་མཚན་ཞེས་མཚན་མིང་དུ་གྲགས་པའོ། །
  གསུམ་པ། རྡོ་ཏི་གངས་ར་པདྨ་ཤེལ་རི་ལ་སྐུ་གསུང་ཐུགས་རྟེན་སྦས་ཚུལ།
  བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། དེ་འོག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྐྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྩྭ་མཆོག་འོད་མའི་ཚལ་སྐུ་མྱ་ངན་ལས་འདའ་བར་མཛད་པས༔ འཁོར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་ནས་བཞུགས་པར་གསོལ་ཀྱང༔ སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་ལུང་བསྟན་པས༔ དེའི་ཚེ་དགྲ་བཅོམ་ལྔ་བརྒྱསཿ སྟོན་པ་ཉིད་མྱ་ངན་ལས་འདས་ན༔ ཉིད་ཀྱི་བསྟན་པ་ནུབ་པར་གྱུར་ཏེ་འཆི༔ དམ་པའི་ཆོས་ཀྱང་ནུབ་པར་གྱུར་ཏེ་འཆི༔ འགྲོ་བའི་སྐྱབས་མགོན་མེད་པ་གྱུར་ཏེ་འཆི༔ ཞེས་གསོལ་པས༔ སྟོན་པས་བཀའ་སྩལ་པ༔ ཉི་མ་ནུབ་ཀྱང་ཉི་མ་འཆརཿ ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་བཅུ་ཕྲག་བཅུ་གཉིས་ལོན་པའི་ཚེ༔ དྷ་ན་ཀོ་ཤིའི་མཚོ་གླིང་དུ༔ པདྨའི་ནང་ནས་རང་བྱུང་བའི༔ ང་ལས་ལྷག་པའི་པད་འབྱུང་བྱོན༔ གསང་སྔགས་ཆོས་ཀྱི་རྒྱལ་མཚན་འཛུགས༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག༔ བསྟན་པ་རྒྱས་ཕྱིར་གསུང་ཆོས་རྣམས༔ སྟེང་འོག་ཕྱོགས་བཅུར་གཏེར་དུ་སྦས༔ ཞེས་གསུངས་སོ༔ ཁྱད་པར་དུ་རྒྱ་གར་ཡུལ་ལ་ཚད་པ་ཆེ་བས་དེ་རུལ་ཞིང༔ སྐུ་གསུང་ཐུགས་རྟེན་སྦས་རུང་བའི་མཚོ་དང་གནས་ཁྱད་འཕགས་ཅན་ཐམས་ཅད་དུ་མུ་སྟེགས་རྣམས་ཀྱིས་རྫས་ངན་བཏབ་ནས་བྱིན་རླབས་ཉམས་པ་བྱེད་པས༔ དེ་ཕྱིར་བོད་ཁ་བའི་ཡུལ་དུ་གངས་ར་ཉེར་ལྔ་ལ་སྦས་ན་བྱིན་རླབས་མི་ཉམས་ཤིང་འགྲོ་བའི་དད་རྟེན་དུ་འགྱུར་རོ༔ མུ་སྟེགས་མི་འོང་པའི་ཁ་གནོན་དུ་བརྟན་མ་བཅུ་གཉིས་ལ་བཀའ་གཏད་ནས༔ བཅོམ་ལྡན་འདས་འཁོར་དང་བཅས་ནམ་མཁའ་ནས་བོད་ཀྱི་ཡུལ་དུ་བྱོནཿ གངས་ཏི་སེར་ཐོག་མར་ཕེབསཿ མ་ཧཱ་དེ་བས་བརྟེན་འགྱུར་ཕུལ༔ མཆོད་གནས་སུ་གནས་བརྟན་ཡན་ལག་འབྱུང་གནང༔ ཕེབས་པའི་རྟགས་ལ་སྟོན་པའི་ཞབས་རྗེས་ཡོད། དེ་ནས་ཙཱ་རི་ལ་ཕེབས༔ ཕེབས་པའི་རྟགས་ལ་མཁའ་འགྲོ་འབུམ་ཕྲག་གི་དབུ་རྩེར་སྟོན་པའི་ཞབས་རྗེས་ཡོདཿ དེ་ནས་སྤུ་བོ་པདྨ་བཀོད་ཆུང་དུ་ཕེབས༔ དེར་ཞབས་རྗེས་ཡོད༔ དེ་བཞིན་པདྨ་བཀོད་ཆེན༔ འབྲས་མོ་ལྗོངསཿ མཁའ་འགྲོ་ཁ་རག༔ འོད་དེ་འབྲི་ཏི༔ གཟེ་རྒྱལ༔ ཁ་བ་དཀར་པོཿ རི་བོ་བྱ་རྐང༔ ཀམ་པོ་གངས་ར༔ ཤམ་པོ་གངས་ར༔ རྡོ་ཏི་གངས་ར་སོགས་ལ་ཕེབས༔ རྡོ་ཏི་འདི་རུ་ཕེབས་པའི་རྟགས་ལ་བླ་མཚོ་ནག་པོའི་ནང་དུ་སྟོན་པའི་ཞབས་རྗེས་ཡོད། གངས་རིའི་ནང་རྟེན་ཁྱད་པར་ཅན་ཐམས་ཅད་གཏེར་དུ་སྦས་སོ༔ ཞེས་པ་དང་། སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་སེམས་ཅན་གྱི་དོན་མཛད་པའི་ཚེ་གནས་འདིར་མ་འོངས་འགྲོ་བའི་དད་རྟེན་སྨོན་ལམ་གྱིས་རྒྱས་བཏབ་པ་དང་གཏེར་ཁ་དཔག་མེད་སྦས་སོ། །
  བཞི་པ། རྡོ་ཏི་རྡོ་རྗེ་རྒྱལ་མཚན་ལ་གསང་སྔགས་ཀྱི་ཆོས་ཐོབ་ཚུལ་དང་བོད་ཀྱི་དགེ་བསྙེན་ཉེར་གཅིག་གི་གྲལ་དུ་ཚུད་ཚུལ།
  བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། དེ་འོག་ཕྱག་ན་རྡོ་རྗེས་ཆོས་གསུང་པའི་ཚེཿ འདིར་གསང་སྔགས་ཀྱི་ཆོས་སྐལ་དུ་ཕྱག་ཚན་རྡོ་རྗེ་འཕངས་པས་གངས་རི་རྡོ་རྗེ་རྩེ་ལྔའི་དབྱིབས་སུ་གྱུར༔ རྡོ་ཏི་མཆེད་བརྒྱད་ཀྱིས་གསང་སྔགས་ཀྱི་ཆོས་ཐོབ༔ དེ་འོག་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་སྐུ་འཁྲུངས་ནས༔ སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚེ༔ གནས་འདིར་ཟླ་བ་བདུན་བཞུགས་ནས་ལྷ་འདྲེ་རྣམས་ལ་ཆོས་གསུངས༔ རྨ་རྒྱལ་སྤོམ་ར་ལ་སོགས་མདོ་ཁམས་ཀྱི་དགེ་བསྙེན་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་ཕུལ༔ གསང་སྔགས་ཐེགས་པ་ཆེན་པོའི་དབང་གྲལ་དུ་བཙུད༔ ཐུགས་དགོངས་ཀྱི་གནས་རི་བླ་མཚོ་ཐམས་ཅད་རྫུ་འཕྲུལ་གྱིས་སྤྲུལ་ནས་བྱིན་གྱིས་རླབས༔ མ་འོངས་འགྲོ་བའི་དད་རྟེན་སྨོན་ལམ་གྱིས་རྒྱས་བཏབ༔ གཏེར་ཁ་དཔག་མེད་སྦས་ནས་བཀའ་སྩལ་པ༔ ང་ཡི་རྗེས་འཇུག་ལས་ཅན་སྐྱེས་བུ་རྣམས༔ འགྲོ་དོན་དུས་བབས་གནས་སྒོ་འདི་འབྱེད་ཚེ༔ སེམས་བསྐྱེད་རྒྱ་ཆེན་བསྔོ་སྨོན་ཡང་ཡང་ཐོབ༔ འགྲོ་བ་ཕོ་མོ་ཆེ་ཕྲ་ཐམས་ཅད་ཀྱིས༔ རྟེན་འབྲེལ་མ་འཁྱུགས་རྗེས་འཛིན་གསུང་དང་བསྟུན༔ སྙིང་རུས་ཅན་གྱི་འགྲོ་བ་ཕོ་མོ་རྣམས༔ གནས་འདི་བསྐོར་ན་ངན་སོང་གཡང་ས་གཅོད༔ ཚེ་འདིར་བསོད་ནམས་བདེ་སྐྱིད་དཔག་མེད་འབྱུངཿ སྐྱེ་བ་གསུམ་ནས་གསང་སྔགས་ཆོས་ལ་སྤྱོད༔ ཕྱི་མ་ཨོ་རྒྱན་བདག་གི་དྲུང་དུ་སྐྱེ༔ ཚེས་བརྒྱད་ཉ་སྟོང་དུས་ཆེན་ཐམས་ཅད་དུ༔ དད་མོས་རྩེ་གཅིག་སྐོར་དང་ཕྱག་འཚལ་ན༔ བསྐོར་བ་གཅིག་ལ་འབུམ་འགྱུར་ཐེ་ཚོམ་མེད༔ མི་ལུས་དོན་ཡོད་ཚོགས་བསགས་སྒྲིབ་སྦྱོང་ཕྱིརཿ མཐོང་གྲོལ་ཁྱད་འཕགས་གནས་འདིར་ངོ་མཚར་ཆེ༔ དད་མོས་ཅན་ལ་འོག་མིན་ཞིང་དང་མཉམ༔ ལོག་ལྟ་ཅན་ལ་སངས་རྒྱས་སྐྱོན་དུ་མཐོང༔ ཐེ་ཚོམ་ཅན་ལ་བདག་གིས་སྐྱོབ་མི་འགྱུར༔ ཞེས་གསུངས་ཤིང་མཁའ་འགྲོའི་ཚོགས་ལ་གདམས་སོ༔ ཞེས་གསལ་པོར་བཀོད་ཡོད་པ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསམ་ཡས་བཞེངས་སྐབས་བྲིས་གནང་བའི་དགེ་བསྙེན་ཉེར་གཅིག་གི་བསང་མཆོད་ཅེས་པའི་བསང་ཡིག་ཅིག་གནས་འདིའི་དགོན་པ་ཁག་ལ་བཞུགས་འདུག །
  ལྔ་པ། རྒྱམ་རྒྱལ་རྡོ་ཏི་པདྨ་ཤེལ་རིའི་གནས་ཀྱི་མཚོན་དོན།
  བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་འབྱོན་ཅེས་པར། རི་བོའི་རྩེ་མོ་རྡོ་རྗེ་རྩེ་ལྔ་འདྲ༔ གསང་སྔགས་ཐེག་པ་ཆེན་པོའི་གནས་སུ་བཟང༔ སངས་རྒྱས་བསྟན་པ་ཀུན་ཏུ་རྒྱས་པའི་རྟགས༔ ཕྱོགས་བཞིར་ཆུ་བཞི་འབབ་པ་འདི༔ ཐུགས་རྗེ་རྒྱུན་ཆད་མེད་པའི་རྟགས༔ རིན་ཆེན་བྲག་རིས་བརྒྱན་པ་འདི༔ གསང་སྔགས་ཕོ་བྲང་བརྒྱན་པའི་རྟགས༔ རྩེ་མོ་གངས་རིས་བརྒྱན་པ་དེ༔ སྐྱེ་མེད་ཆོས་སྐུ་མཚོན་པའི་རྟགས༔ རི་བོ་རྔམ་བརྗིད་ལྡན་པ་དེ༔ མ་འགག་ཡོན་ཏན་རྫོགས་པའི་རྟགས༔ ཆུ་ཕྲན་སྣ་ཚོགས་འབབ་པ་དེ༔ སྤྲུལ་པས་འགྲོ་དོན་མཛད་པའི་རྟགས༔ བླ་མཚོ་སྣ་ཆོགས་བསྐོར་བ་དེ༔ བསོད་ནམས་ཤེས་རབ་འཆར་བའི་རྟགས༔ འཁོར་གདུག་པ་ཅན་གྱིས་བསྐོར་བ་དེ༔ ཆོས་སྐྱོང་སྤྲིན་ལྟར་འདུས་པའི་རྟགས༔ སྤོས་ངད་ཆིལ་ཆིལ་འབྱུང་བ་དེ༔ མ་དང་མཁའ་འགྲོ་འདུས་པའི་རྟགས༔ དུས་བཟང་འཇའ་ཚོན་འཁྲིགས་པ་དེ༔ རིག་འཛིན་ཕོ་བྲང་ཡིན་པའི་རྟགས༔ རྩེ་ནས་སྤྲིན་ནག་འཁྲིགས་པ་དེ༔ དྲག་པོའི་ཕོ་བྲང་ཡིན་པའི་རྟགས༔ བར་ནས་འབྲུག་སྒྲ་སྒྲོགས་པ་དེ༔ གསང་སྔགས་ཆོས་སྒྲ་སྒྲོགས་པའི་རྟགས༔ ཐོག་དང་སེར་བ་འཁྲུག་པ་དེ༔ གནས་སྲུང་དྲག་རྩལ་མྱུར་བའི་རྟགས༔ ཞེས་པ་ལྟར་རོ། །
  དྲུག་པ། རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་གནས་ཀྱི་བཀོད་པ།
  རྒྱམ་གངས་རི་ཤེལ་གྱི་མཆོད་རྟེན་གྱི་ལོ་རྒྱུས་ཕན་ཡོན་མདོར་བསྡུས་ཞེས་པར། ད་ནི་གནས་ཀྱི་བཀོད་པ་འདི་ལྟ་སྟེ། །རྒྱམ་གྱི་ལུང་པ་མཚོ་ཆེན་རྒྱས་པ་ལྟར། །གནས་འཁོར་ཐམས་ཅད་དེ་དང་མཚུངས་པ་ལ། །རིན་ཆེན་ཚོམ་བུ་མང་པོ་བཀོད་པ་འདྲ། །དབུས་ཀྱི་རི་ནི་ཡེ་ཤེས་དགུ་ཡི་རི། །པདྨ་དཀར་པོ་ཁ་འབུས་ཚུལ་དུ་གནས། །རྩ་བ་གཅིག་ལ་འདབ་མ་བརྒྱད་དང་ལྡན། །དབུས་ཀྱི་གེ་སར་ཕྲུམ་ཕྲུམ་མང་པོ་བཅས། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས། །བདེ་བ་ཅན་གྱི་ཞིང་དང་མཚུངས་པའོ། །གངས་དཀར་ཤེལ་གྱི་མཆོད་རྟེན་རང་བྱོན་བཞུགས། །ཙཱ་རི་དག་པ་ཤེལ་གྱི་རི་དང་མཚུངས། །དཔལ་ལྡན་བདེ་བ་མཆོག་གི་གནས་སུ་ངེས། །འདི་ན་གནས་བརྟན་ཡན་ལག་འབྱུང་ཡང་བཞུགས། །གངས་རྒྱལ་ཏི་སེ་དག་དང་མཚུངས་པར་ངེས། །ཤཱཀྱ་ཐུབ་པའི་སྐུ་ཡང་རང་བྱོན་བཞུགས། །རྒྱ་གར་བྱ་རྒོད་ཕུང་པོའི་རི་དང་མཚུངས། །འཇམ་དཔལ་དབྱངས་ཀྱི་སྐུ་ཡང་རང་བྱོན་བཞུགས། །རྒྱ་ནག་རི་བོ་རྩེ་ལྔ་དག་དང་མཚུངས། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡང་ཡོད། །རི་བོ་པོ་ཏ་ལ་དང་མཚུངས་པ་ཡིན། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ་པའོ། །ཕྱི་ཡི་རྡོ་ཏི་ལ་སོགས་རི་བརྒྱད་ནི། །རྡོ་རྗེ་རྒྱལ་མཚན་ལ་སོགས་ཞིང་སྐྱོང་བརྒྱད། །དེ་འཁོར་གྭ་ནམ་སྐྱོང་པོ་དམག་དཔོན་སོགས། །ཞིང་སྐྱོང་མཆེད་བརྒྱད་རྣམས་ཀྱི་འཁོར་ཡིན་ནོ། །གཡུ་མཚོ་འདི་ནི་མཆོད་རྟེན་བུམ་པའི་དབྱིབས། །མཚོ་སྨན་ནོར་བུ་འོད་ལྡན་སྲུང་མར་ཡོད། །ཞིང་སྐྱོང་བརྒྱད་འདི་ཕྱི་ལྟར་ཞིང་སྐྱོང་བརྒྱད།།ནང་ལྟར་དཔའ་བོ་བརྒྱད་དང་གསང་བ་ལྟར། །འདོད་ཁམས་རིག་འཛིན་གྲུབ་ཐོབ་ཆེན་པོ་བརྒྱད། །མཚོ་སྨན་དག་ཀྱང་ཕྱི་ལྟར་ཞིང་སྐྱོང་མ། །ནང་ལྟར་མཁའ་འགྲོ་གསང་བ་རིག་འཛིན་མ། །ཁ་ལ་རཀྵ་དག་ཀྱང་དེ་དང་མཚུངས། །ཞེས་པ་དང་། ཕྲིན་ལས་འགྲོ་བ་འདུལ་བའི་གནས་བརྒྱད་ལས་ཞི་བས་འདུལ་མཛད་རྡོ་ཏི་གངས་ཀྱི་ར་བའི་གནས་ཡིག་དུ་བཀོད་པར། སྐབས་འདིར་རྒྱམ་གྱི་གངས་རི་གནས་འདི་ཡང༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་དང༔ གདོད་ནས་ཕུན་སུམ་ཚོགས་པའི་གནས་སུ་འདུག༔ ཁྱད་པར་ཚེ་སྒྲུབ་བྱེད་པའི་གནས་མཆོག་སྟེ༔ གངས་རི་འགྱུར་མེད་འདུག་པ་ཚེ་ཡི་གནས༔ གཡུ་མཚོ་གཏན་དུ་འཁྱིལ་བ་ཚེ་ཡི་གནས༔ བྲག་རི་རྡོ་རྗེ་འདྲ་བ་ཚེ་ཡི་གནས༔ གཡུ་མཚོ་ཚེ་བུམ་འདྲ་བ་ཚེ་ཡི་གནས༔ རི་རྒྱུད་གངས་དང་འབྲེལ་བ་ཚེ་ཡི་གནས༔ ཆུ་རྒྱུད་མཚོ་དང་འབྲེལ་བ་ཚེ་ཡི་གནས༔ ཉི་ཟླའི་བགྲོད་ཐག་རིང་བ་ཚེ་ཡི་གནས༔ ལུང་པ་པདྨ་ཁ་ཕྱེ་འདྲ་བ་ཚེ་ཡི་གནས༔ མདོ་ཁམས་ས་ཡི་ཐིག་ལེ་འདི་དག་ཏུ༔ ཨོ་རྒྱན་ཡུལ་གྱི་སློབ་དཔོན་བདག་ཉིད་ཀྱིས༔ ཚེ་དཔག་མེད་པའི་གནས་སུ་བྱིན་གྱིས་བརླབས༔ མཁའ་འགྲོ་སྤྱན་དྲངས་རང་བྱུང་གཏེར་ཆེན་ལྔ༔ དབུས་སུ་མི་འགྱུར་རྡོ་རྗེ་སྐུ་ཡི་གཏེར༔ ཤར་དུ་བདེ་བ་ཆེན་པོ་ཐུགས་ཀྱི་གཏེར༔ ལྷོ་རུ་དགོས་འདོད་ཀུན་འབྱུང་ཡོན་ཏན་གཏེར༔ ནུབ་ཏུ་ཚངས་པའི་སྒྲ་དབྱངས་གསུང་གི་གཏེར༔ བྱང་དུ་མངོན་སྤྱོད་མཐའ་ཡས་ཕྲིན་ལས་གཏེར༔ དབུས་སུ་རང་བྱུང་རྒྱལ་བ་རྣམས་ཀྱི་རྟེན༔ དེ་དག་བསྐལ་པ་ཞིག་ཀྱང་མཁའ་ལ་གནས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་བཞུགས༔ ས་རྡོ་རི་བྲག་མཚོ་རྫིང་གཡའ་གངས་ལ༔ སྐུ་གསུང་ཐུགས་རྟགས་བསམ་གྱིས་མི་ཁྱབ་གསལ༔ དཔའ་བོ་མཁའ་འགྲོ་རང་བཞིན་འདུ་བའི་རྟགས༔ དབྱར་དགུན་མེད་པར་ན་བུན་ཀུན་ཏུ་གཏིབས༔ དབུས་སུ་ཡེ་ཤེས་རྣམ་པ་དགུ་ཡི་རི༔ ཤར་དུ་མི་ཟད་རྒྱན་འཁོར་ཉེར་ལྔའི་རི༔ ལྷོ་རུ་ཡི་དམ་མཁའ་འགྲོའི་གནས་ཆེན་བརྒྱད༔ ནུབ་ཏུ་ལྷ་ཡི་དགེ་བསྙེན་དུ་མའི་གནས༔ བྱང་དུ་གཏེར་བདག་བརྒྱད་ཀྱི་མཛོད་ཆེན་དང༔ བར་མཚམས་རྣམས་སུ་ཆོས་སྲུང་དྲེགས་པའི་སྡེ༔ མ་ལུས་ཀུན་གྱི་མདུན་ས་ཕོ་བྲང་ཆེ༔ ཕྱོགས་བཞིར་དཀར་ནག་དམར་ལྗང་མཚོ་ཆེན་བཞི༔ ཀླུ་བདུད་ཕོ་མོ་བསམ་གྱིས་མི་ཁྱབ་པ༔ བསྟན་པ་སྲུང་དང་ཟབ་མོ་གཏེར་གྱི་བདག༔ རི་བོ་དུ་མ་ཞི་རྒྱས་དབང་དྲག་གིས༔ དབྱིབས་དང་ཁ་དོག་ངོ་མཚར་བསམ་མི་ཁྱབ༔ བསྟན་སྲུང་དྲེགས་པ་ཕོ་མོའི་ཕོ་བྲང་ཡོད༔ འདི་ན་བདག་གིས་བྱིན་རླབས་བགྱིས་པའི་མཐུས༔ ཀུན་ཁྱབ་ཆོས་སྐུར་ལོངས་སྤྱོད་ལྷུན་གྱིས་གྲུབ༔ སྤྲུལ་པའི་ཞིང་མཆོག་སོ་སོར་བསྟན་བྱ་སྟེ༔ སྟེང་དུ་རིག་འཛིན་རྩལ་འཆང་ཐམས་ཅད་བཞུགས༔ བར་དུ་ཡི་དམ་ཌཀྐི་བསམ་མི་ཁྱབ༔ རྩ་བ་བསྟན་སྲུང་དྲེགས་པ་རྒྱུད་གསུམ་གནས༔ ཞེས་པ་ལྟར་མདོ་བསྡུས་ཡིན་ཅིང་། རྡོ་ཏི་གངས་དཀར་པད་མ་ཤེལ་རིའི་གནས་ཀྱི་བཀོད་པ་ཕྲ་ཞིབ་རྒྱས་པ་ཞིག་ཤེས་པར་འདོད་མཁན་གྱིས་འབྲེལ་ཡོད་གནས་ཡིག་ཁག་ཏུ་གོང་དུ་བརྗོད་པ་ལས་ཞིབ་ཅིང་གསལ་བ་གང་མང་ཡོད་པས་དེ་དག་ལ་གཟིགས་མཛད་རྒྱུ་གལ་ཆེའོ། །
  • ལེ་ཚན་སྔོན་མ།:དཀྱིལ་མེར་ཆ་གནས་ཀྱི་གསལ་བཤད།
  • ལེ་ཚན་རྗེས་མ།:ཁམས་སྟོང་སྐོར་གནས་རིའི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།