ཤར་སྟོད་ཁྲི་ལ་གཡུ་རྩེ།

    དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས།    2017-05-05

སངས་རྒྱས་གཉིས་པ་མཚོ་འཁྲུངས་པདྨ་དཀར་པོས་བྱིན་རླབས་མཛད་པའི་གནས་མཆོག་རི་བོ་མཐོན་པོ་རྩེ་མོ་གནམ་ལ་འགྱིང་བ་མཐོང་ན་ཡིད་དབང་འཕྲོག་ཅིང་རྒྱུན་པར་རྡོ་རྗེ་ཕག་མོའི་བྱིན་གྱིས་བརླབས་པའི་གནས་མཆོག ཨོ་རྒྱན་ཆེན་པོའི་དམ་ལ་གནས་པའི་དཀར་ཕྱོགས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དགེ་བསྙེན་ཆེན་པོ《ཤར་སྟོད་ཁྲི་ལ་གཡུ་རྩེ》ཞེས་པའི་དམ་ཚིག་དོན་ལ་གནས་པ། ཕྱི་ཡི་གཟའ་བྲག་དགུང་ལ་བསྙེགས་པ། ཡུམ་མ་ཆེན་དང་སྨན་བཙུན་ལྷ་མོ། སྲས་མཆོག་བུ་ཆེན་སྟག་རྒྱལ་འཁོར་དུ་ཡུལ་ཆོས་སྐྱོང་རང་འདྲ་བརྒྱད་བཅས་རྒྱལ་བློན་གྲོས་ལ་ཚོགས་པ་འདྲ་བ། བདུན་ཕྱོགས་སུ་དུང་མཚོ་ཞེས་པ་སྤང་མེ་ལོང་འདྲ་བའི་དཀྱིལ་ན་དཀར་པོ་དུང་གི་མདོག་ཅན། མཚོ་ཆེ་ཆུང་གཉིས་ཟླ་གམ་ལ་འཁྱིལ་བ་གཡས་ཕྱོགས་ན་མཚོ་གསུམ་ཡོད་པ①(སྦས་སྡེ)ཚོ་གསུམ་གྱི་བླ་མཚོ་ཡིན་པའང་བཤད་སྲོལ་འདུག རྒྱབ་ཕྱོགས་ན་གཡུ་མཚོ་ཞེས་གཟའ་བྲག་དཀྱིལ་ན་མཚོ་སྔོན་པོ་གཡུ་ཡི་མདོག་ཟླ་གམ་དབྱིབས་ཅན་མེར་ཞིང་སྙིལ་བ། གཡོན་ཕྱོགས་ན་མཚོ་དངོས་ཞེས་པ་རྩེ་གཅིག་སྒྲུབ་ལ་བརྩོན་ན་མཆོག་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་འགྲུབ་ས། གནས་དེར་སྤང་ལྗོངས་རི་བྲག་ནགས་ཚལ་ལྷ་ཤིང་མེ་ཏོག་སོགས་ཉམས་དགའ་ལ་བྱིན་ཆགས་ཤིང་བག་དྲོ་བ། སྔོན་བྱོན་གྲུབ་ཐོབ་མང་པོ་གནས་དེར་གྲུབ་པ་ཐོབ་ནས་ནམ་མཁའ་ལ་འཕུར་བ། ས་འོག་ཏུ་འཛུལ་བ། ཆུ་བོ་ལ་བྱོན་པ་སོགས་ཡོད་པ་བཤད་སྲོལ་འདུག དེ་རྣམས་བཞུགས་ཤུལ་གྱི་བྲག་ཕུག་དང་། རྡོའི་སྐྱིལ་བུ་སོགས་ད་ལྟ་ཡང་མཇལ་རྒྱུ་ཡོད།

གྲུབ་ཐོབ་ཆེན་པོ་ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་དེ་ཉིད་ཀྱང་གནས་དེར་བཞུགས་ནས་འདས་ལོག་བྱོན་པའི་ལོ་རྒྱུས་ཀྱང་ཡོད། མ་ཚད་སྡེ་དགེ་རྒྱལ་པོའི(སྦས་སྡེ)ཁྲ་མོ་དབང་དུ་བསྡུ་སྐབས། སྡེ་དགེ་རྒྱལ་པོའི་གནས་དེ་ན་དགོན་པ་དང་ཡང་ན་གཞི་བདག་ལེགས་པོ་ཞིག་ཡོད་ཚོད་རེད། ཐོག་མར་དེ་གཉིས་མེད་པར་བཟོ་ན་མ་གཏོགས་སྦས་སྡེ་མངའ་ཁོངས་སུ་བསྡུ་ཐུབ་ས་མ་རེད་ཟེར་ནས། སྦས་སྡེའི་དགོན་པ་ཐོག་མར②གཙང་ལུ་གུ་དགོན་པ་རྩ་མེད་དུ་བཏང་། དེའི་རྗེས་སུ་སྡེ་དགེ་རྒྱལ་པོས③གངས་དཀར་ཤར་སྟོད་ཁྲི་ལ་གཡུ་རྩེའི་མགོ་ཐོག་ཏུ་དུག་ཤིང་གིས་ཕུར་པ་རྡུང་མཁན་མི་གསུམ་མངགས་ནས་གངས་དཀར་ཞུ་སོང་རབས་སོགས་ཀྱི་ལོ་རྒྱུས་ཀྱང་བཤད་རྒྱུ་ཡོད་ལ། མི་དེ་གསུམ་ཡང་སྡེ་དགེའི་ས་ཆ་རུ་མ་སླེབས་ནས་ཤི་སོང་བའི་ལོ་རྒྱུས་དང་ཤི་སའི་ས་ཆ་སོགས་ད་ལྟའང་ངོས་འཛིན་རྒྱུ་འདུག་གོ།

①སྦས་སྡེ་ནི་དེང་སང་འབའ་རོང་ཞེས་པ་དང་གཅིག་མཚུངས་རེད།

②{གཙང་ལུ་གུ་དགོན་པ}ཀ་ཐོག་དགོན་པའི་ཆོས་བརྒྱུད་འཛིན་མཁན་ཐོག་མ་ཞིག་རེད་བཤད་སྲོལ་འདུག

③དང་ཐོག་ཤར་སྟོད་ཁྲི་ལ་གཡུ་རྩེ《གངས་དཀར》ཞིག་ཡིན་ཞེས་བཤད་སྲོལ་ཡང་འདུག།


  • ལེ་ཚན་སྔོན་མ།:ཨོ་རྒྱན་ཧེ་རུ་ཀའི་ཚོགས་ཁང་མ་གཤིན་མཁའ་འགྲོ་འབུམ་རྫོང་བཀྲ་ཤིས་གནས་ཀྱི་ངོ་སྤྲོད་མདོར་བསྡུས་བཞུགས་སོ།
  • ལེ་ཚན་རྗེས་མ།:གནས་ཆེན་ཀུན་དགའ་ཁྲ་སེར་གྱི་གནས་བཤད་ཡུལ་ལྷ་དགྱེས་པའི་གཏམ།
  • དོ་སྣང་ཆེ་བའི་རྩོམ།