ཨོ་རྒྱན་ཧེ་རུ་ཀའི་ཚོགས་ཁང་མ་གཤིན་མཁའ་འགྲོ་འབུམ་རྫོང་བཀྲ་ཤིས་གནས་ཀྱི་ངོ་སྤྲོད་མདོར་བསྡུས་བཞུགས་སོ།

        2017-03-01

གདོད་ནས་དག་པའི་རིག་རྩལ་ཀློང་དུ་མི་འཇིག་བདུད་རྩིའི་སྐུ་རུ་བཞེངས། །

རྒྱལ་གསུང་སྒྲོག་པའི་སྒྲ་དབྱངས་རྒྱ་མཚོ་ཞི་བ་བསིལ་བའི་འབབ་རྒྱུན་ཆགས། །

སྟོང་གསལ་ཐུགས་ཀྱི་འགྱུར་མེད་རྡོ་རྗེ་གཡོ་མེད་རི་བོའི་རྟེན་དུ་གནས། །

གངས་ལྗོངས་ཆོས་ཀྱིས་ཕྱོགས་ཀུན་འགེངས་མཛད་རྒྱལ་དབང་པདྨ་ཀ་ར་རྒྱལ། །

 

དུས་གསུམ་བདེ་གཤེགས་འདུས་པའི་ཕོ་བྲེང་ཆེ། །

ཐུགས་ཀྱི་གནས་མཆོག་བརྡ་ཁོལ་མཁའ་འགྲོའི་ཕུག །

ཁྲག་འཐུང་བདུད་འདུལ་གླིང་བའི་གཏེར་ལུང་སོགས། །

རྩོད་བྲལ་གྲུབ་པའི་ཐུགས་ཀྱི་དགོངས་གཏེར་ལས། །

ཇི་བཞིན་བསྔགས་མཛད་སྒྲོ་སྐུར་སྤངས་ཏེ་བཤད། །

དེ་ལ་འདིར་གང་ཞིག་གླེང་བར་བྱ་བ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་འདུས་པའི་ངོ་བོ་ཀ་དག་སྤྲོས་བྲལ་གྱི་ཀློང་དུ། ལྷུན་འགྲུབ་བདེ་བ་ཆེན་པོའི་རང་རྩལ་འགག་མེད་དུ་འཆར་བའི་མ་ཧཱ་གུ་རུ་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝས་བོད་ཆེན་པོའི་མཐའ་དབུས་མེད་པར་རྟ་རྨིག་ཙམ་ཡང་མ་ལུས་པར་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཤིང་། ལྷ་འདྲེ་མི་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། ཕྱིའི་རི་བྲག་མཚོ་གསུམ་དུ་གཏེར་ཁ་དཔག་ཏུ་མེད་པ་སྦས་བར་མཛད་པ་དང་། གཙུག་ལག་ཁང་དང་། དམ་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་མཁའ་ཁྱབ་ཏུ་སྤེལ་ནས་འབྲེལ་ཚད་རྣམ་གྲོལ་རྒྱལ་བའི་གོ་འཕང་དུ་བཀོད་པའི་ཚུལ། གུ་རུའི་བཀའ་ཐང་ཐོས་པ་དོན་ལྡན་ལས། གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང༔ ཞབས་ཀྱིས་མ་བཅགས་མེད་པའི་བྱིན་བརླབས་མཛད༔ ཁ་བྱང་ཡོད་པའི་གཏེར་ཁ་བྱེ་བ་སྦས༔ ཁ་བྱང་མ་བཏབ་གཏེར་ནི་དུང་ཕྱུར་སྦས༔ ཞེས་དང་། ཟབ་བདུན་བཀའ་ཐང་ལེའུ་དགུ་པ་ལས། ལྷ་ས་བསམ་ཡས་གཡེ་རུ་ཁྲ་འབྲུག་དང༔ མཐའ་འདུལ་ཡང་འདུལ་གཙུག་ལག་ཁང་རྣམས་དང༔ ཡར་ལུང་ཤེར་བྲག་ལྷོ་བྲག་མཁར་ཆུ་དང༔ བྲགས་ཀྱི་ཡང་རྫོགས་ཡེར་བ་ཟླ་བ་ཕུག༔ གཡའ་མ་ལུང་དང་གཙང་གི་ཟབ་བུ་ལུང༔ རི་བོ་བཀྲ་བཟང་གཙང་གི་རི་བོ་ཆེ༔ གངས་རི་ལ་ཕྱི་ཡོལ་མོ་གང་ར་དང༔ གནམ་སྐས་ཅན་དང་མོན་གྱི་གནས་བརྒྱད་དང༔ ཙ་རི་རྒྱ་ལ་སེང་འདམ་སྤུ་བོའི་གནས༔ ཁྱད་པར་ཅན་གྱི་ཏི་སྒྲོ་བྲག་དཀར་དང༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ༔ ཕྲིན་ལས་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ གནས་མཆོག་ཁམས་ཀྱི་སྟོད་སྨད་ལ་གནས་པར༔ གནས་ལ་བྱིན་བརླབ་ཕྱིར་དུ་གྲུབ་པ་དང༔ གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་སྦས༔ ཞེས་བོད་ཁམས་སྤྱི་ཡི་ཆོས་འཁོར་གཙུག་ལག་སྒྲུབ་གནས་ཆེ་རིམ་ཙམ་བཙུགས། ཁྱད་པར་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཀཿཐོག་ཤམ་པོ་རོང་ནི་མཆོག་གླིང་ཕྲིན་ལས་གནས་གཙོ་ཀཿཐོག་རྡོ་རྗེ་གདན། ཞེས་མདོ་ཁམས་ཀྱི་ཕྲིན་ལས་གནས་ལྔའི་གཙོ་བོར་གསུངས་པ་དང་། ཁྲོཾ་སྤྲུལ་བྱམས་པ་མི་འགྱུར་ཁྲག་འཐུང་བདུད་འདུལ་གླིང་པའི་གཏེར་ལུང་ལས། མདོ་ཁམས་ཕྲིན་ལས་གནས་ལྔའི་གཙོ༔ ཀཿཐོག་རྡོ་རྗེ་གདན་ཞེས་པའི༔ མེ་ཏོག་ཕྲིན་ལས་ཐུགས་ཀྱི་གནས༔ བརྡ་ཁོལ་མཁའ་འགྲོ་ཕུག་མོ་ཆེ༔ ཞེས་ཕྲིན་ལས་གནས་ལྔའི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་གྱི་ཐུགས་ཀྱི་གནས་མཆོག་ནི། ཁྲོཾ་བརྡ་ཁོལ་འདི་ཉིད་ཡིན་པར་གསུངས་པ་སྟེ། མདོ་སྨད་ཁམས་ཀྱི་ཆར། གནས་མཆོག་བཀྲ་ཤིས་ཁྲོཾ་གྱི་ལྗོངས་ཞེས་གྲགས་པ་འདི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གནས་ཆེན་ལྔ་བཞུགས་པ་ལས། འདིར་དུས་གསུམ་བདེ་གཤེགས་རྒྱ་མཚོའི་ཐུགས་ཀྱི་གནས་མཆོག་ཏུ་གསུངས་ཏེ། ཨོ་རྒྱན་ཆེན་པོས། སྐུ་ཡི་གནས་མཆོག་མགྲིན་ཐང་ཀོ་རོ་བྲག༔ གསུང་གི་གནས་མཆོག་སེང་ཆེན་པདྨ་བྲག༔ ཐུགས་ཀྱི་གནས་མཆོག་བརྡ་ཁོལ་མཁའ་འགྲོ་ཕུག༔ ཡོན་ཏན་གནས་མཆོག་སྟོང་ར་རལ་གྲི་བྲག༔ ཕྲིན་ལས་གནས་མཆོག་གླིང་རྨོག་པདྨ་བྲག༔ དཔའ་བོའི་ཚོགས་དང་ཌཱཀྐིའི་བྱིན་ཆེན་འབེབས༔ ཞེས་སོགས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཀློང་གྲོལ་ཡེ་ཤེས་སྙིང་པོས། དུས་གསུམ་བདེར་གཤེགས་ཐུགས་ཀྱི་གནས༔ རྣམ་དག་འོག་མིན་བརྡ་ཁོལ་ཕུག༔ ཞེས་སོགས་དང་། དུས་ཚིག་ལུང་གི་ཐེམ་བྱང་ལས། རྩ་གསུམ་དཔའ་བོ་མཁའ་འགྲོ་དང༔ དམ་ཅན་ཆོས་སྐྱོང་མ་ལུས་པ༔ དུས་གསུམ་བདེར་གཤེགས་ཐུགས་ཀྱི་གནས༔ མཁའ་འགྲོ་ཕུག་ཏུ་སྤྲིན་བཞིན་འདུ༔ ཞེས་དང་། གར་གྱི་དབང་ཕྱུག་བདུད་འདུལ་གླིང་བ་ལ། སྔགས་ཀྱི་སྲུང་མ་རལ་གཅིག་མའི་ལུང་བསྟན་གབ་ཐིག་ལས། བྱང་ནས་ལྷོ་རུ་བགྲོད་པའི་ས་ཆ་རུ༔ སེངྒེ་གནམ་རྫོང་ཞེས་བྱའི་ལྗོངས་དེ་ན༔ བྲག་ཕུག་རྟ་རྣ་འཛིན་ཞེས་བྱ་བ་རུ༔ ཨོ་རྒྱན་པདྨའི་སྙིང་ཐིག་གབ་སྦས་རྒྱ༔ ཞེས་དང་།

 

 

2  ཁྲོཾ་དགེ་མཁའ་སྤྱོད་ཉི་ཟླ་དབང་པོས། དུང་སེང་གནམ་དུ་མཆོངས་པ་འདྲ༔ དེ་ཡི་ཆུ་འགག་བྱིན་ཙ་ན༔ གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས༔ འཇམ་དཔལ་གཤིན་རྗེ་བསྒྲུབས་པའི་གནས༔ དུག་སྦྲུལ་ཐུར་དུ་རྒྱུག་པ་འདྲ༔ ཞེས་དང་། ཀཿཐོག་རྨོག་གྲུབ་རིག་འཛིན་ཆོས་དབང་གིས། ལོ་ཆེན་བཻ་རོ་ཙ་ན་ཡིས༔ དམོད་པ་དྲག་སྔགས་བསྒྲུབ་པའི་གནས༔ རྒྱལ་མཚན་དགོང་དུ་ཕྱར་བ་འདྲ༔ ཞེས་སོགས་གཏེར་ལུང་དུ་མ་ནས་མང་དུ་བྱུང་ངོ༔ དེ་ལྟ་བུའི་ཐུགས་གནས་ཆེན་པོ་དེ་ཡི་ཤར་ན་སེང་བྲག་རི་བོ། ལྷོ་ན་མགྲིན་ཐང་ཕོ་བྲང་ངར་རྗེས་སེང་ཆེན། ནུབ་ན་ལྷ་རྩེ་སྤུན་གསུམ། བྱང་ན་རྟ་ཆེན་སུམ་ར། སྟོང་ར་བྲག་དཀར། གླིང་རྨོག་པདྨ་བྲག་རྣམས་ཀྱིས་བསྐོར་བའི་དབུས་སུ་བཞུགས་པའི་དུས་གསུམ་བདེར་གཤེགས་འདུས་པའི་གནས་མཆོག་རྒྱ་གར་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེས་འབངས་ཉེར་ལྔ་སོགས་རྒྱ་བོད་རིག་འཛིན་གྲུབ་བསྙེས་མང་དུ་བྱོན་ནས་བཞུགས་ཤིང་བྱིན་གྱིས་བརླབས་པའི་ཨོ་རྒྱན་ཧེ་རུ་ཀའི་ཚོགས་ཁང་མ་གཤིན་མཁའ་འགྲོ་འབུམ་རྫོང་བཀྲ་ཤིས་གནས་ཀྱི་ཕུག་རིང་། གཏེར་སྲུང་དགེ་བསྙེན་དྲག་པོའི་རྟེན་མཁར་དུས་གསུམ་རྒྱལ་བའི་བསྒྲུབ་གནས་འདི་ལ་གྲུབ་བསྙེས་སྐྱེས་ཆེན་མང་པོའི་དག་པའི་གཟིགས་ངོར་དཔལ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དང་། གཞན་ཡང་། བདེ་བ་ཅན་དཔལ་རི་པདྨ་འོད། ཕོ་བྲང་རི་བོ་པོ་ཏ་ལ། གནས་མཆོག་ལྕང་ལོ་ཅན་ལ་སོགས་དམ་པ་དུ་མའི་གནས་ཡིག་སོ་སོར་ལས་གསལ་བ་ལྟར་རོ། །དེ་ལྟ་བུའི་གནས་རིའི་ཕྱོགས་བཞི་མཚམས་བརྒྱད་ཕྱི་ནང་ཐམས་ཅད་འགྱུར་མེད་ཨན་ད་རྡོ་ཡི་ངོས་ལ་རང་བྱོན་དུ་འཁྲུངས་པ་དབྱངས་ཡིག་དང་པོ་ཨ་ཡིག །གསལ་བྱེད་ཐོག་མ་ཀ་ཡིག་དང་། མཁའ་འགྲོའི་བརྡ་ཡིག་སྣ་ཚོགས་བཅས་གསལ་བར་བཞུགས་པ་ལས་གནས་ཀྱི་མཚན་ལ། བརྡ་ཁོལ་ཞེས་དེ་སྐད་དུ་ཐོགས་པ་ཡིན་ནོ། །གནས་འདི་ཡི་ལྷོ་ངོས་ཟླ་གམ་དབང་གི་དཀྱིལ་འཁོར་བཅུད་ལྡན་བུམ་པའི་ལྟོ་སྟེང་། མ་གཅིག་ཟངས་རི་མཁའ་དམར་འཇམ་དབྱངས་རི་བོ་རྩེ་ལྔ་སོགས་ཀྱི་གནས་མཆོག་དེ་ཉིད་དུ། སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་བཅས་པས་བྱིན་གྱིས་བརླབས་ཤིང་། ཞབས་ཀྱིས་བཅགས་པ་དང་ཁྱད་པར་དུ་ལོ་ཆེན་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ལྷ་ལུང་དཔལ་རྡོར། འགྲོ་མགོན་ཆོས་འཕགས། དམ་གཙང་བྱམས་གསུམ། གྲུབ་ཆེན་ཐང་རྒྱལ། དཔལ་ཡུལ་གཏེར་ཆེན་མི་འགྱུར་རྡོ་རྗེ་སོགས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པའི་ཟློས་གར་རྒྱུན་མི་འཆད་པ་རྣམ་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་སྒྲུབ་ཕུག་ཀྱང་ཡོད་པས་དུས་དེ་ཙམ་ལ་བསྟན་པ་དར་སྤེལ་བྱུང་བར་ངེས་སོ།།

སླར་སྨྲས་པ།

བློ་དམན་སྤྲིན་གྱི་ལོག་སྨྲ་སྟུག་པོས་ཚུལ་མིན་བརྟགས་པའི་གཏམ་རྒྱུད་སྤེལ། །

དཔྱོད་ལྡན་མིན་པའི་སྐྱེས་བོ་ཕལ་ཆེར་བླུན་དད་བདུད་ཀྱིས་བསླུ་སྲིད་པས། །

ངོ་མཚར་གཏམ་ལ་བདེན་ཁ་བཟློགས་ནས་བླང་དོར་འབྱེད་པའི་གཏེར་ལུང་གིས། །

ཚིག་སྦྱོར་ཉུང་ཞིང་བདེན་དོན་དོད་པའི་བསྟན་འགྲོར་སྨན་པའི་སྐྱེས་སུ་བྲིས། །

གང་བྱས་རྣམ་དཀར་དགེ་ཚོགས་ཀྱིས། །  རྒྱལ་བསྟན་ཡིད་བཞིན་རིན་པོ་ཆེ། །

སྲིད་གསུམ་རི་བོའི་ཕྱོགས་ཀུན་ཏུ། །  ཁྱབ་ནས་འགྲོ་རྣམས་སྨིན་གྱུར་ཅིག །

༼ཁམས་པའི་འཛུམ་རིས༽ དཔལ་ཡུལ་གྱི་དམངས་སྲོལ་རིག་གནས་ཆེད་བསྒྲིགས་ལས་བཏུས། 


  • ལེ་ཚན་སྔོན་མ།:གནས་མཆོག་མཐོང་བ་རང་གྲོལ་གྱི་གཏམ་མཚོ་བྱུང་དགྱེས་པའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:ཤར་སྟོད་ཁྲི་ལ་གཡུ་རྩེ།
  • དོ་སྣང་ཆེ་བའི་རྩོམ།