སྐལ་བཟང་ཕུན་ཚོགས། 2017-02-20
ན་མོ་གུ་རུ་སྭ་ར་སྭ་སྟི་བྷྱཿ། ངོ་བོ་ཀ་དག་སྤྲོས་པའི་མཐའ་ལས་གྲོལ། །རང་བཞིན་ལྷུན་འགྲུབ་སྐུ་དང་ཡེ་ཤེས་རྫོགས། །རྟག་བརྟན་འཕོ་འགྱུར་བྲལ་བའི་གཞོན་ནུའི་སྐུ། །རང་རིག་འཇམ་དཔལ་བླ་མར་ཕྱག་བགྱིའོ། །གཟུང་འཛིན་རང་རྒྱུད་འཛིན་པའི་འཁྲུལ་འཁོར་ཞིག །སྣང་སྲིད་དག་མཉམ་རྟོགས་པའི་མཁྱེན་པ་རྒྱས། །མ་འཁྲུལ་གཉུག་མའི་དབྱིངས་སུ་བཙན་ས་ཟིན། །མཁའ་མཉམ་གླིང་པས་བྱང་ཆུབ་བར་ཏུ་སྐྱོངས། །དེ་ཡང་ཟླུམ་པོར་ཆགས་པའི་སའི་གོ་ལར་སྙན་པའི་གྲགས་པ་ཡོངས་སུ་ཁྱབ་པའི་གྲུབ་པའི་དབང་ཕྱུག་ཉག་བླ་པདྨ་བདུད་འདུལ་ལམ་ཨོ་རྒྱན་མཁའ་མཉམ་གླིང་པ་འཇའ་ལུས་སུ་དེངས་པའི་གནས་སྙིང་ནང་དཔལ་གྱི་རི་ནི། ཟངས་མདོག་དཔལ་རིའི་སྨོན་ལམ་དུ། བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོར༔ རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིངས༔ ཞེས་གསུངས་པ་ལྟར་སའི་ཆགས་ཚུལ་སྙིང་གི་དབྱིབས་ཅན་དུ་གནས་པའི་རིའི་མིང་ལས་བཏགས་པའི་སྙིང་ཁོག་ལ། རབ་བྱུང་བཅོ་ལྔའི་ཆུ་སྤྲེལ་ས་ག་ཟླ་བའི་གནམ་སྟོང་ཉིན་གྲུབ་ཆེན་འཇའ་ལུས་སུ་དེངས་ཏེ། མ་འོངས་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་དབུ་སྐྲ་སེན་མོ་བཞག་པ། སྐུ་གདུང་མཆོད་རྟེན་བཞེངས་པས། འབྲེལ་ཚད་དོན་ལྡན་གྱིས་འགྲོ་དོན་མཛད་བཞིན་པ་འདིའོ། །གནས་མཆོག་འདི་ལ་རབ་བྱུང་བཅུ་བདུན་པའི་མེ་ཕག་ལོའི་ཟླ་༡༢པའི་ཚེས་བཅོ་ལྔ་ཉིན་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱིས་གནས་སྒོ་འབྱེད་པའི་དུས་ལ་བབ་ཡོད་གསུངས་ཏེ། སྤྲུལ་པའི་སྐུ་མཆོག་པདྨ་འགྱུར་མེད་དང་བླ་མ་སྨན་ལྷ་གཉིས་ལ་དར་དཀར་གཅིག་གནང་སྟེ་འདི་ལ་རྩ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བྱིན་ཀྱི་ཕབས་ཡོད་པས། གནས་སྒོ་འབྱེད་ཉིན་སྐུ་གདུང་ལ་ཕུལ་ཅིག་གསུངས། ཚེས་བཅོ་ལྔའི་ཉི་ཤར་སྐབས་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་དང་ཉི་ལོ་སོགས་ཇོ་སེར་སུམ་ཅུ་ཙམ་གྱིས་གུ་རུའི་ཚོགས་དང་རི་ཁྲུས་རྟེན་ཁྲུས་བསངས་སོགས་མཛད་སྐབས་ཉི་མ་ཤར་ལྷོའི་མཚམས་ནས་འཇའ་དཀར་པོ་ཞིག་དར་དཀར་བརྐྱངས་པ་བཞིན་གནས་རི་ལ་ཟུག་པ་དང་། བསངས་དུད་ཁ་དོག་སྣ་ལྔ་ཁང་པ་བརྩེབས་པ་ལྟར་ཤར་བའི་ཀློང་ན་སྐལ་ལྡན་བླ་སློབ་སེར་སྐྱང་མང་པོས་མཐོང་སྣང་སྣ་ཚོགས་ཏེ། ལ་ལས་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཇལ་བ་དང་། ལས་ལས་གུ་རུ། ལ་ལས་སྟོན་པ་བཀའ་དྲིན་ཅན་ཞལ་མཇལ་བ་སོགས་ཡི་དམ་བསམ་གྱིས་མི་ཁྱབ་པའི་ཞལ་མཇལ། རིང་བསྲེལ་དང་སིནྡྷུ་ར་ཕངས་མེད་བབ་པས་ཀུན་ངོ་མཚར་དུ་གྱུར། ཕར་ཁའི་བྲག་ངོས་སུ་གུ་རུ་དང་། སྤྱན་རས་གཟིགས། བླ་མ་རིན་པོ་ཆེ། འོད་དཔག་མེད་གཙོ་འཁོར། ཡིག་འབྲུ་བཅས་རང་བྱོན་མང་པོ་གསར་དུ་འཁྲུངས། གནས་འོག་མར་སངས་རྒྱས་ཀྱི་སྤྱན། བོད་ཀྱི་དབྱངས་གསལ། ཧཱུྃཿདང་བྷྲུཾ། བླ་མ་དང་མཁན་འཇིགས་མེད་ཕུན་ཚོགས། མཁའ་སྤྱོད་མའི་ཐུགས་ཀར་བླ་མ་རིན་པོ་ཆེ། གཡས་སུ་འཇམ་དབྱངས། དབུ་ཐོད་དུ་སྨྲ་སེང་། གྲུབ་དབང་རིག་འཛིན་དབང་ཕྱུག །གེ་སར་རང་བྱོན་སོགས་མང་དུ་འཁྲུངས། མཐོང་ཐོས་དྲན་པས་འབྲེལ་ཚད་དོན་ལྡན་གྱི་རྟེན་མཆོག་ཡིད་བཞིན་གྱི་ནོར་བུ་འདི་ལ་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱིས་ཕན་ཡོན་ནི། མཆོད་རྟེན་སྐོར་བའི་ཚིགས་བཅད་ལས། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པས་མི་ནུས་སོ། །ཞེས་དང་། དམ་ཆོས་པད་དཀར་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་སྐད་ཅིག་མགོ་བོ་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །ཡེངས་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱེད་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་དབང་མཆོད་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་མེད་མྱ་ངན་ཡོངས་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །ཞེས་དང་། མཆོད་རྟེན་བཞེངས་པའི་ཕན་ཡོན་ཀྱང་། ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་ཡོད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱེའུར་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིང་ཤིན་ཏུ་སྡུག་པར་འགྱུར་བ་དང་། དབང་པོ་རྣོ་བར་འགྱུར་བ་དང་། གཡོག་འཁོར་ཆེན་པོར་འགྱུར་བ་དང་། གཡོར་འཁོར་ཆེན་པོར་འགྱུར་བ་དང་། རྟེན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འདོད་པ་དང་། ལྷས་མཆོད་པར་འགྱུར་བ་དང་། ནོར་མང་པོ་དང་ལྡན་པར་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང་། ཚེ་དང་ལྡན་པར་འགྱུར་བ་དང་། ལུས་རྡོ་རྗེ་ལྟར་འགྱུར་བ་དང་། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་ཡིན་ནོ། །ཞེས་དང་འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱངས་བར་བྱས་ལ་རང་གི་ལག་པས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་ཡོངས་སུ་ཤེས་པ་དང་ཐབས་ཤེས་པ་དང་ལྡན་ཞིང་། བསྐལ་བར་གནས་པ་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོའོ། །ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཐོས་པ་འཛིན་པ་དང་། སྐྱེ་བ་དྲན་པར་འགྱུར་རོ། །ཞེས་དང་།
གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་མདོ་ལས། ཕྱག་འཚལ་བ་གཅིག་དང་བསྐོར་བ་བྱེད་པ་གཅིག་གིས་མནར་མེད་པ་ལ་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུང་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་རྣམས་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་བྱིས་བརླབས་པར་འགྱུར་རོ། །ཞེས་དང་། ཐ་ན་རྩེད་མོའི་ཕྱིར་དུ་བཞེངས་ན་ཡང་ཕན་ཡོན་འབྱུང་བ་ནི། དམ་ཆོས་པད་དཀར་ལས། བྱིས་པས་རྩེད་མོ་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་བ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ཡས་སོ། །ཁྱད་པར་དུ་གྲུབ་ཆེན་གྱི་སྐུ་གདུང་བསྐོར་བའི་ཕན་ཡོན་ནི། སྤྲུལ་སྐུ་འཇིགས་མེད་འོད་ཟེར་ལ་གྲུབ་ཆེན་རིན་པོ་ཆེ་དང་། དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཟུང་གིས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་སྐབས་གསུངས་པའི་ཕན་ཡོན་ནི། སྙིང་ནད་དཔལ་གྱི་རོ་བོ་དེ༔ རྔ་ཡབ་དཔལ་རི་དངོས་དང་མཉམ༔ མིག་གི་མཐོང་དང་རྣ་བས་ཐོས༔ ང་ཡི་པུར་ཁང་མཆོད་རྟེ་ལ༔ ཕྱག་སྐོར་བརྒྱ་རྩ་རེ་རེ་ལ༔ སངས་རྒྱས་སྟོང་གི་གཟུགས་བརྙན་བཞེངས༔ སིདྡྷི་འབུམ་ཐེར་བཅུ་བསུམ་དང་༔ཚེ་ཐར་དུང་ཕྱུར་ཕན་ཡོན་ཡོད༔ མི་རྟ་བཅུ་གསུམ་བསད་སྒྲིབ་དག ༔ཕྱག་སྐོར་སྟོང་ལ་དེ་བདུན་འགྱུར༔ སྟེང་དུ་ཡིག་བརྒྱ་མ་ཎི་གཉིས༔ དུང་ཕྱུར་བཅུ་གསུམ་ཕན་ཡོན་ཐོབ༔ ཕྱག་སྐོར་ཁྲི་ལ་དེ་བཅུ་འགྱུར༔ སྟེང་དུ་ཡིག་བརྒྱ་མ་ཎི་དུང་༔ ཆོས་ཆེན་ཚར་བཅུའི་ཕན་ཡོན་ཐོབ༔ ཚེ་རབས་བདུན་གྱི་སྡིག་སྒྲིབ་འདག༔ ཕྱག་སྐོར་འབུམ་ལ་དེ་གསུམ་གྱི༔ ཕན་ཡོན་དེ་གསུམ་བརྒྱ་འགྱུར་ཐོབ༔ ཚེ་རབས་བསགས་པའི་སྡིག་ལྟུང་བྱང་༔ འཕོ་མེད་འཇའ་ལུས་འོད་སྐར་གྲོལ༔ རྡོ་རྗེ་འཆང་གི་ས་ལ་སྐྱེས༔ ཞེས་སོ། ཚེ་འདིའི་ནད་རིམས་རྒྱལ་གཤིན་སོགས་འཇིགས་བརྒྱད་ཀྱི་གནོད་པ་ཞི་བ་དང་། ཚེ་བསོད་མངའ་ཐང་ལོངས་སྤྱོད་འཕེལ་བ་དང་། བསམ་དོན་གེགས་མེད་དུ་འགྲུབ་ཅིང་ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་ངེས་པ་ཡིན་ནོ། །
སླར་སྨྲས་པ།
འདི་བྲིས་དགེ་བས་བདག་གཞན་སེམས་ཅན་ཀུན།།
དེང་ནས་བཟུང་སྟེ་བྱང་ཆུང་མ་ཐོབ་བར།།
མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་།།
བྱང་ཆུང་སེམས་ཀྱིས་རང་གཞན་འདུལ་བར་ཤོག།
ནམ་ཞིག་ཁྱེད་ཀྱི་ཐུགས་དང་རང་གི་སེམས།།
དབྱེར་མེད་མཉམ་པ་ཆེན་པོར་འདྲེས་གྱུར་ཏེ།།
ཐིམ་ལ་མ་རྨུགས་གཞོན་ནུར་བུམ་སྐུའི་ཀློང་།།
གྲོལ་བ་དྲུག་གིས་འཕྲིན་ལས་ཁྱབ་བརྡལ་ཤོག།
རྩོམ་གསར། 10