དཔལ་འཛོམས་རི་བོ།

དཔལ་ཡུལ་མང་ཚོགས་རིག་གནས་འཚོལ་བསྡུ་མཐུན་ཚོགས།        2017-02-14

དཔལ་འཛོམས་རི་བོ།
    

    དཔལ་ཡུལ་དགོན་པའི་གནས་བདག་དཔལ་འཛོམས་རྡོ་རྗེ་དགྲ་འདུལ་ནི། དཔལ་ཡུལ་རྫོང་ནས་སྤྱི་ལེ་དྲུག་ཙམ་གྱི་མཚམས་སུ་ཆགས་ཡོད། པདྨ་འབྱུང་གནས་ཀྱིས། དཔལ་འཛོམས་གནས་ནི་ཨོ་རྒྱན་པད་ཞྭ་འདྲ། དཔལ་ཡུལ་གནས་ནི་རིག་འཛིན་བརྒྱུད་པའི་གྲལ་མི་ཆད། ཅེས་གསུངས་པ་ལྟར། རི་འདིའི་མདུན་དུ་སྔ་འགྱུར་བའི་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ་རྒྱལ་དབང་དཔལ་ཡུལ་བ་སྟེ་ཐོག་མར་གྱེ་རེ་ཆོས་སྐྱོང་དབང་པོས་ཕྱག་བཏབ་ཅིང་། དེ་རྗེས་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་བསྐྱར་གསོ་མཛད་པའི་དཔལ་ཡུལ་དགོན་པ་ཆགས་ཡོད་པ་དང་། གཡས་ཕྱོགས་སུ་སྒྲུབ་པ་བཀའ་བརྒྱད་དང་། བདུན་བརྒྱ་ཉེར་ལྔའི་གནས། རྒྱབ་ཕྱོགས་སུ་སྦྲུལ་རི་རྡོ་རྗེ་བྲག་རྫོང་ཞེས་སྔར་གྱི་དགོན་རྙིང་ཞིག་དང་། གཡོན་དུ་སྤང་ཀོང་ཆོས་གླིང་ཞེས་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཆགས་ཤུལ་བཅས་ཡོད།

    མདུན་དུ་སྒྲོལ་མའི་གནས་རི། དེའི་འོག་ཏུ་བསིལ་བའི་ཚལ་གྱི་དུར་ཁྲོད་རང་བྱོན། གནས་ཀྱི་བྲག་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་དང་། ཤཱ་རིའི་བུའི་སྐུ་སོགས་མཇལ་རྒྱུ་ཡོད།བྲག་རི་སྟེ་གནས་ཀྱི་ནང་ན་གབ་པའི་མཚོ་བརྒྱད་ཡོད་ཅེས་གནའ་མི་དག་གི་བཤད་སྲོལ་ཡོད་ལ།གནའ་མི་རྒན་པོ་ཞིག་གིས་མཚོ་གཅིག་དངོས་སུ་རིག་མྱོང་ཟེར། གཡོན་ཕྱོགས་ཤིག་ལ་སྐུ་ལྷ་ཐང་ཟེར་བའི་གནས་སུ་ལྷ་སྐུ་སོགས་རང་བྱོན་གྱི་རིགས་ཤིན་ཏུ་མང་། དེ་བཞིན་གནས་འདིའི་གཡས་གཡོན་མདུན་རྒྱབ་ཀྱི་ལྷ་སྐུ་དང་། ཡིག་འབྲུ་སོགས་ཀྱི་རང་བྱོན་བགྲང་གིས་མི་ལངས། གནས་འདིའི་འོག་གི་བྲག་ངོས་ལ། གླིང་རྗེ་གེ་སར་རྒྱལ་པོའི་ཞབས་རྗེས་དང་། མདའ་མདེའུ་ཡི་རྗེས། ཆིབས་པའི་རྗེས་སོགས་མང་།

    གནས་ཀྱི་མཐའ་འཁོར་དུ་གྲོང་ཚོ་གཉིས་ཡོད་ཅིང་། དེའི་གཡས་ཕྱོགས་སུ་ཀ༔ཐོག་དམ་པ་བདེར་གཤེགས་ཀྱི་ཕྱག་མཁར་སར་བཙུགས་པས་སྐྱེས་པའི་ཤིང་དམ་པ་ཤུགས་རོང་ཞེས་པ་ཞིག་ཡོད། གྲོང་པའི་གཡོན་ཕྱོགས་སུ་དཔལ་སྤུངས་སི་ཏི་པདྨ་དོན་ཡོད་འཁྲུངས་ས་ཡིན་ཞིང་། དེར་བཞེངས་པའི་མཆོད་རྟེན་བཅས་ཡོད་དོ།།


  • ལེ་ཚན་སྔོན་མ།:ཁམས་སྟོང་སྐོར་གནས་རིའི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་མཆོག་མཐོང་བ་རང་གྲོལ་གྱི་གཏམ་མཚོ་བྱུང་དགྱེས་པའི་གླུ་དབྱངས།
  • དོ་སྣང་ཆེ་བའི་རྩོམ།