གནས་ཆེན་ཀུན་དགའ་ཁྲ་སེར་གྱི་གནས་བཤད་ཡུལ་ལྷ་དགྱེས་པའི་གཏམ།

    ཀུན་བཟང་བསྟན་འཛིན།    2017-05-05

ངོ་མཚར་པད་སྡོང་རྒྱ་མཚོ་རོལ་བའི་གླིང་།། སྐྱེ་འཆི་མེད་པ་རྡོ་རྗེ་སྐུ་ཐོབ་པ།། གསུང་གི་བདུད་རྩིས་གངས་ལྗོངས་རྒུད་སེལ་བ།། པདྨ་འབྱུང་གནས་སྤྱི་བོའི་གཙུག་ཏུ་བསྙེན།། མ་བཅོས་ཕྱི་ཡི་མཛེས་ལྗོངས་བཀོད་ལེགས་ཤིང་།། ནང་གི་ཡོན་ཏན་དགྲ་བླའི་ཕྱིན་ཆགས་པའི།། ཡུལ་ལྷའི་གཙོ་བོ་ཀུན་དགའ་ཁྲ་སེར་གྱི།། གནས་ཀྱི་ཆེ་བ་ཉུང་ངུ་ཙམ་ཞིག་གླེང་།།   ཞེས་ཡུལ་དམ་པ་རྣམས་ལ་གུས་ཕྱག་སྔོན་དུ་བཏང་ནས། དེ་ཡང་གང་ཞིག་གླེང་བར་འདོད་པའི་གཏམ་ནི། སྤྱིར་འཛམ་གླིང་ས་ཡི་ལྟེ་བ་འདི་འགྲོ་བ་སྤྱི་མཐུན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དབང་གིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་སྟེ་གསུམ་སོགས་ཆགས་ཡོད་མོད།  འོན་ཀྱང་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོ་འབོར་ར་བ་སྒང་གི་ས་ཡི་ཐིག་ལེ་རུ་ཆགས་པའི་བཀྲ་ཤིས་ཁྲོཾ་གྱི་ལྗོངས་སམ་ཁྲོཾ་ལྗོངས་གཡང་གི་ར་བ་ཞེས་གྲགས་པའི་ས་ཡི་བྱེ་བྲག   ཁྲོཾ་ལྗོངས་ཨ་འཛི་ཤོག་ཆེན་ས་ཡི་ཆ་ཤས། འབྲུག་ཤུལ་ལྷ་སྡེ་ཕྱུག་མོའི་ས་གནས་རྨ་ཁོག་གི་ཟླ་བོ་ཉིད་དུ་གྱུར་པའི་ཟླ་ཁོག་ཅེས་འབོད་པའི་ཡུལ་ལུང་དེ་གླིང་གི་ས་གནས་ཁྱད་པར་བ་ཞིག་ཡིན་ཏེ།   སློབ་དཔོན་པདྨས། རྒྱབ་རི་མཐོ་ན་བྱིན་ཆགས་ཉམས་རྟོགས་འཕེལ།།ལྷོ་རུ་བསྐྱོར་ན་ལོངས་སྤྱོད་མཁོ་རྒུ་ལྡན།།ཞེས་དང་། ས་མདོག་སྣུམ་ཞིང་རྩི་ཤིང་མེ་ཏོག་ཅན།།དབྱར་བསིལ་དགུན་དྲོ་གོང་མས་ཞབས་ཀྱིས་བཅག། ཅེས་གསུངས་པ་ལྟར། ཟླ་སྟོད་རྫ་རི་དང་སྤང་ཐང་གིས་བརྒྱན་ཞིང་། རི་འདབས་སུ་ལྕ་མཚོ་དང་། མཚོ་ཕྲན་དུ་མ་སྔོ་ལྡེམ་མེར་འཁྱིལ་བ། ཟླ་སྨད་རི་བོ་གསུམ་གྲུ་གསུམ་ལྟར་གནས་པ། ནགས་ཚལ་དང་རྩི་ཤིང་ལོ་འདབ་ཏུ་མེ་ཏོག་གི་མགོ་ལྕོག་ལྡེམ་པ། རི་ལུང་ཤིན་ཏུ་དོག་ཅིང་རི་དྭགས་དང་། འཇིགས་སུ་རུང་བའི་གཅན་གཟན་འདྲ་མིན་སྣ་ཚོགས་འཚོ་ཞིང་གནས་པ། མཚན་མོ་མི་དང་མི་མ་ཡིན་པའི་ལྷ་འདྲེ་ཡི་འཚང་ཀ་རྒོད་ཅིང་། ཆ་མེད་ཀྱི་མི་བུ་རྣམས་དངངས་སྐྲག་འཆོར་སའི་ས་གནས་ཤིག་ཡིན།  ཡིན་ན་ཡང་ཡུལ་ལུང་དེར་མི་རབས་སྔོན་གྱི་དུས་སུ་པདྨ་འབྱུང་གནས་དང་གླིང་གི་དཔའ་ཐུལ་སུམ་ཅུའི་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་པ་སྨོས་མེད་དོ། །མ་ཟད་དེ་ན་རྒྱ་ངན་གུ་རུ་ཕན་བདེ་དང་ཀུན་ཆུང་སོགས་ཀྱི་ཕ་མྱེས་ཡང་མྱེས་རྣམས་ཀྱི་དབྱར་ཟླ་ར་བའམ་ས་ག་ཟླ་བའི་ཚེས་བཞི་སྟེ། གཟའ་སྐར་ཕུན་སུམ་ཚོགས་པ་རྒྱལ་ཕུར་འཛོམས་པའི་ཚེ་བཟང་དུས་བཟང་གི་ཉིན་མོ་དེར་ལོ་རེ་ཟུང་ཙམ་མ་ཡིན་པར་མི་རབས་ནས་མི་རབས་ཀྱི་བར་དུ་ཡུལ་ལྷ་གསོལ་མཆོད་བྱེད་བཞིན་པའི་དཀར་ཕྱོགས་སྐྱོང་བའི་གནས་བདག་ཀུན་དགའ་ཁྲ་སེར་ཞེས་འབོད་པའི་གནས་དེ་ཉིད་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་པར་མ་ཟད་གླིང་གི་དཔའ་ཐུལ་སུམ་ཅུའི་བྱིན་གྱིས་བརླབས་པའི་གནས་ཆེན་གུ་དགའ་ཁྲ་སེར་ཞེས་འབོད་པར་འདུག   གནས་དེའི་ཆགས་ཚུལ་དེ་ཡང་བྲག་དཀར་པོ་དགོང་ལ་མཉམ་ཤིང་སྤྲིན་དཀར་དང་སྨུག་པས་ཁྱབ་པ། ཤུག་པ་དང་སུར་དཀར་སོགས་ཤིང་སྣ་དུ་མས་མཛེས་ཤིང་ཅོ་ག་སོགས་ཀྱི་དྲུག་འགྱུར་ལྡེམ་པ་མ་ཟད་དྭངས་གཙང་གི་རྫིང་བུའི་བཞུར་རྒྱུན་རིང་ཞིང་མེ་ཏོག་དཀར་དམར་གྱི་མིག་ཟུང་དབང་མེད་དུ་འཕྲོག་པའི་སྐྱེད་ཚལ་གྱི་ས་གནས་ཉམས་དགའ་བ་ཞིག་ཀྱང་ཡིན། བྲག་དཀར་པོ་དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་མཁར་ཡིན་པར་མ་ཟད་གནས་དེ་ན་གླིང་རྗེ་གེ་སར་རྒྱལ་པོའི་ཞབས་རྗེས་སོགས་ངོ་མཚར་བའི་རྟགས་མང་པོ་ཡང་མཇལ་རྒྱུ་ཡོད། ཕྱིས་སུ་གནས་དེར་ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་གཏེར་སྟོན་རྒྱ་ངན་གུ་རུ་ཕན་བདེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་ཆེན་ཁོང་གི་ཡང་གླིང་རྗེ་གེ་སར་རྒྱལ་པོའི་ཞལ་དངོས་སུ་གཟིགས་པ་དང་མ་ཟད་གནས་ཆེན་གུ་དགའ་ཁྲ་སེར་གྱི་མདུན་ཐང་ཕུན་ཚོགས་ཡང་སྟེང་ནས་ཡུལ་ལྷ་གསོལ་མཆོད་ཀྱི་སྐབས་ཞིག་ནས་ཁོང་ཉིད་ཀྱི་ཚ་བོ་གཏེར་སྟོན་པདྨ་ཡེ་ཤེས་ཀྱི་ཡང་སྤྲུལ་རྒྱ་ངན་གུན་ཆུང་ལ་གླིང་རྗེ་གེ་སར་རྒྱལ་པོའི་མཁར་གྱི་བར་གསེང་འདི་ནས་ཆིབས་རྟ་མདོ་སྡེ་རྐྱང་དགོད་འཕེལ་བ་དང་ཁྲ་དམོག་འཁོར་གསུམ་སོགས་གནས་དེར་ཡོད་པ་དངོས་སུ་མཇལ་ཁ་གནང་། མ་ཟད་ཁོང་གི་གླིང་རྗེ་གེ་སར་རྒྱལ་པོའི་ཞལ་མཇལ་བ་དང་ཞབས་རྗེ་དངོས་སུ་བཞག་པ་ཡང་མཐོང་བའི་ལོ་རྒྱུས་ཡོད། ཁོང་གི་ཡང་གནས་དེའི་གཡོན་ཟུར་ཅུང་ཟད་གོང་ལ་བསྙེག་པའི་རི་ངོས་དེ་ན་ཤུག་པ་མིང་པོ་ཞིག་ལ་ཚེ་མདུད་བརྒྱབ་ཡོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།  གནས་དེའི་སྟོད་སྨད་བར་གསུམ་གང་དུ་བྱིན་ཡང་གླིང་གི་ས་གནས་ཡིན་པ་མ་ཟད་གནས་དེར།  གླིང་གི་དཔའ་ཐུལ་སུམ་ཅུའི་བྱིན་གྱིས་རླབས་པའི་གནས་ཞིག་ཡིན་པ་སྐྱེས་ཆེན་དམ་པ་འགའ་ཞིག་གིས་གསུངས་པ་དང་རྒན་པ་རྣམས་ཀྱི་ངག་རྒྱུན་ལྟར་ཡོད་པ་ཡང་ཡིན།  མ་ཟད་རྒྱབ་ལྗོངས་དང་བཅས་པ་ཡིན་པས། གནས་དེ་ན་གླིང་གི་དཔའ་ཐུལ་སུམ་ཅུའི་མཁར་དང་ཁྲབ་རྨོག་འཁོར་གསུམ་སོགས་མང་པོ་ཞིག་ཡོད་པར་འདུག   ད་ལྟ་དངོས་རི་བྲག་ལས་གྲུབ་པའི་མཐོང་བཞིན་པ་ནི་གླིང་རྗེ་གེ་སར་རྒྱལ་པོའི་མཁར། རྒྱ་ཚའི་མཁར་དང་ཆུབ་པ། ཁྲོ་ཐུང་གི་མཁར། འབྲུག་མོའི་ཇ་མཁར་རིང་མོ། ཨ་མཉེས་མཁར། གླིང་གི་ཕྱུགས་ཟོག་གི་མིང་དང་འབྲེལ་བའི་ཕྱུགས་འཚོ་སའི་ལུང་པ་སྨུག་རིང་ཤར་ཞེས་གནས་དེར་ད་ལྟ་ངོས་ཟིན་པ་ཡང་མང་པོ་འདུག   ཡིན་ན་ཡང་རྒན་པ་རྣམས་ཀྱིས་ངོས་མི་ཟིན་པའི་མཁར་ལ་སོགས་པ་མང་པོ་ཡོད་པས་འདི་དང་འདིའི་མཁར་ཡིན་ཟེར་ནས་བཤད་དགོས་ན་ངོས་ལེགས་པོ་ཞིག་ཟིན་མི་ཐུབ་པས་འདིར་མ་བྲིས་སོ། །

གཏེར་སྟོན་གུ་རུ་ཕན་བདེས་གསུངས་བའི་བསང་ཡིག་ནང་།   པདྨ་ཤེར་ཕུག་དུང་མཁར་གཡུ་རྩེ་འབུམ། ཞེས་དང་། རྫ་རྒྱལ་གཤའ་མཚོ་ཁྲབ་བྱམ་རི་ཟོར་བསང་། །ནག་པོ་བྱོལ་རི་སྦ་ཡུལ་པདྨ་བྲག །ཅེས་གསུངས་པ་བཞིན་གནས་དེའི་གཡས་ཕྱོགས་ན་རྫ་རྒྱལ་དང་།  མདུན་ཕྱོགས་ན་ནག་པོ་བྱོལ་རུ། གཡོན་ཕྱོགས་ན་པདྨ་ཤེལ་ཕུག་གཤའ་མཚོ་སོགས་ཡུལ་གཞིའི་བདག་པོ་མིང་པོ་ཞིག་གིས་བསྐོར་ནས་ཡོད་པ་བསང་ཡིག་ལས་གསལ། གོང་དུ་རྒྱ་ངན་གུ་རུ་ཕན་བདེ་དང་། རྒྱ་ངན་ཀུན་ཆུང་ཞེས་ཟེར་བའི་རྒྱ་ཡི་ཚིག་དེ་ཁོང་གི་མི་རྒྱུད་དེ་གླིང་གི་རྒྱལ་རྒྱུད་ཅིག་ཡིན་པའི་བཤད་སྲོལ་ཡོད་པས་དེ་ལྟར་ཐོགས་པ་ཡིན་ཟེར་བ་དང་།  ངན་ཞེས་པ་དེ་ཡང་ཁོང་གི་མི་རབས་ནས་མི་རབས་ཀྱི་བར་དུ་མི་རྒྱུད་དེ་ཡང་རིགས་བཟང་ཞིག་གི་མི་རྒྱུད་འཛིན་པ་ཡིན་པར་མ་ཟད་ཆོས་སྲིད་གཉིས་ཀྱི་བརྒྱུད་འཛིན་བྱེད་ཐུབ་ཅིང་མི་བུ་ཀུན་གྱི་བསྟོད་བསྔགས་ཕྱོགས་བཅུར་སྒྲོག་པའི་གླིང་གི་དཔའ་ཐུལ་སོགས་ལ་འགྲན་ཐུབ་པའི་ཟླ་བོ་ཞིག་ཡིན་པའི་ཆ་ནས་དེ་ལྟར་ཐོགས་པ་ཡིན་ཟེར་སྐད་ཡོད་པས་དེ་ལྟར་བཏགས་པ་ཡིན་གྱིན་འདུག   ཟླ་སྟོད་ཀྱི་པདྨ་ཤེལ་ཕུག་ཟེར་བ་དེ།  བྲག་དཀར་པོ་ནམ་མཁའི་དགོང་ལ་མཉམ་ཤིང་བྲག་དཀར་དེའི་མདུན་ངོས་ན་བྲག་ཕུག་ཞིག་ཡོད།  བྲག་ཕུག་དེའི་ནང་ན་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཤེལ་དཀར་གྱི་རིགས་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་ད་ལྟ་མངོན་སུམ་དུ་ཡང་མཐོང་རྒྱུ་ཡོད།  བྲག་ཕུག་དེ་ནས་གཏེར་སྟོན་གུ་རུ་ཕན་བདེ་ཉིད་ལོ་དང་ཟླ་བ་མང་པོ་ཞིག་བསྙེན་སྒྲུབ་ལ་བཞུགས་མྱོང་།  མ་ཟད་རྒྱ་ངན་ཀུན་ཆུང་ཡང་ཀྱེ་རྡོ་རྗེ་དང་བདེ་མཆོག་སོགས་ཀྱི་བསྙེན་སྒྲུབ་བཞུགས་མྱོང་བའི་སྒྲུབ་ཕུག་ཞིག་ཡིན།  གཏེར་སྟོན་གུ་རུ་ཕན་བདེ་ཁོང་བྲག་ཕུག་དེར་བསྙེན་སྒྲུབ་ལ་བཞུགས་སྐབས།  ཁོང་གི་སྐུ་ཉེ(ཚེ་རྡོ)ཟེར་བ་དེ་ཁྱིམ་ཐབ་ཅིག་ཡིན་པས་ཟླ་སྨད་ན་ཡོད་སྐབས།  ཁོ་ཡི་དཔའ་ངར་དང་སྙིང་སྟོབས་ནི་སུ་དང་འགྲན་མི་བཟོད་པ་ཞིག་ཡིན་པར་གྲགས། ཡིན་ན་ཡང་ལོ་རྒྱུས་ཚང་མ་བཤད་མི་ཐུབ། རེ་ཟུང་ལྟར་བཤད་ན། མཚན་མོ་ཞིག་ཁོ་རང་ཧྲང་སྣེ་ན་ཉལ་ཡོད་སྐབས་འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོ་གསའ་གུ་རིང་ཞེས་མིང་ནས་ཀྱང་བརྗོད་མི་ཕོད་པའི་གཅན་ཟན་དེ་ཐོན་འདུག ཁོ་བོས་མགོ་བོ་ཡར་ལ་བཏེགས་ནས་ལག་པ་གཡོན་པ་དེ་གཅན་གཟན་དེའི་རྔ་མ་ལ་ལག་མདུད་གསུམ་ཙམ་བརྒྱབ་ནས། ལག་པ་གཡས་པས་ཤང་ལང་འདོམ་སྐོར་མ་དེ་ནམ་མཁའ་ལ་བསྐོར་ནས་གཅན་གཟན་དེའི་སྐེད་པའི་མཚམས་ལ་གཅིག་བརྒྱབ་མ་ཐག་གཅན་གཟན་དེས་ཤུགས་རིང་འབྱིན་པ་དང་བཅས་ཕྱིར་ལ་མཆོངས་སོང་།   དེ་ནས་རང་སྙིང་སྟོབས་དང་ལྡན་པ་ཡིན་པས་ནམ་མ་ལངས་བར་ཉལ་བསྡད།  ནམ་ལངས་མ་ཐག་རང་ཉིད་གུ་རུ་ཕན་བདེའི་མདུན་དུ་བྱོན་ནས་མདང་སུམ་དེ་འདྲ་བའི་གཅན་གཟན་དེའི་ལོ་རྒྱུས་ཞུས་མ་ཐག  བླ་མས་ཐུགས་སྡར་བའི་ངང་ཚུལ་མཛད་ནས་ད་ལྟ་མྱུར་བ་ཉིད་དུ་གནས་དེར་འདུག་མི་ཉན་པས་ཡུལ་གཞན་ཞིག་ཏུ་འགྲོ་དགོས་གསུངས།  ཁྱོད་འགྲོ་གྲབས་མ་བྱེད་ན་གཅན་གཟན་དེས་ཁྱོད་ལ་འཇིགས་ངེས་ཡིན་ཞེས་པ་དང་།  ཉིན་ཞག་གསུམ་ཙམ་ཞིག་ནས་ཁྱོད་ཕྱིར་ལ་གཅིག་སོང་། ཅི་འདྲ་རེད་འདུག་ལྟོས་ཞེས་གསུངས།  ཁོང་གིས་དེ་ལྟར་བྱས་པས་ཕྱིར་ལ་ཕེབས་སྐབས་གཅན་ཟན་དེ་རང་ཉིད་ཉལ་ས་དེ་ན་འཆི་འདུག་པའི་ལོ་རྒྱུས་ཡང་དེ་ལྟར་མང་པོ་ཞིག་ཡོད་པ་སོགས་མི་རབས་གོང་མའི་ངག་རྒྱུན་ལྟར་ཡོད་པར་མ་ཟད་ད་ལྟ་ཡང་མཐོང་བཞིན་པའི་ས་གནས་དེ་ཡོད་ཀྱིན་འདུག    དེ་ལྟ་བུའི་ལོ་རྒྱུས་མང་ཙམ་ཡོད་ན་ཡང་འདིར་ཡི་གེ་མང་ཀྱིས་དོགས་ནས་མ་བྲིས་སོ། །

བཀྲ་ཤིས་ཡུལ་ལྷའི་རླུང་རྟ་དགོང་ལ་མཐོ།། བཀྲ་ཤིས་ལོ་ཕྱུག་རྒྱུ་འབྱོར་རྟག་ཏུ་ལེགས།། བཀྲ་ཤིས་ནད་མུག་རྨང་ནས་རྒུད་པ་དང་།། བཀྲ་ཤིས་ཡུལ་ལྷའི་དགེ་མཚན་དར་བར་ཤོག།


  • ལེ་ཚན་སྔོན་མ།:ཤར་སྟོད་ཁྲི་ལ་གཡུ་རྩེ།
  • ལེ་ཚན་རྗེས་མ།:མདོ་ཁམས་གནས་མཆོག་ལྷག་ཟླ་རི་བོ་བྱ་རྐང་།
  • དོ་སྣང་ཆེ་བའི་རྩོམ།