ཚེམ་དྲུབ་བ་ཀརྨ་འཇམ་དབྱངས།

ཀུན་བཟང་དཔལ་མོ།        2021-03-03

     

ཚེམ་དྲུབ་བ་ཀརྨ་འཇམ་དབྱངས།


   ཀརྨ་འཇམ་དབྱངས་ནི་༡༩༦༨ལོར་སི་ཁྲོན་ནུབ་རྒྱུད་སྡེ་དགེ་སྨན་ཤོད་དུ་ཚེམ་བཟོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་།      ལོ་༨་ནས་༡༣་བར་དུ་ས་གནས་སློབ་ཆུང་སོང་། དེ་ནས་ཁྱིམ་གྱི་རྫི་བོ་བྱེད་ཞོར་ཕ་རྒན་མདུན་ནས་ལྷམ་དང་ཀོ་རྟ་སོགས་ཀོ་བཟོའི་རིགས་དང་། རྔུལ་ལེན་དང་ཁ་རྐྱང་སོགས་སྤྱིར་བཏང་གི་ཚེམ་བཟོའི་རིགས་ལ་སློབ་སྦྱོང་བྱས།  རྗེས་སུ་དགོན་པ་སླར་གསོའི་སྐབས་ཚེམ་བཟོའི་དགེན་སྐལ་བཟང་ཚེ་རིང་གིས་ཁོ་བཟོ་ཕྲུག་ཁྲིད་དེ་འཆམ་གོས་དང་འཕན་གདུགས་ཡོ་བྱད། གྲྭ་ཆས་དང་ཆོས་རྒྱུད་སོ་སོའི་དབུ་ཞྭ། ཐང་ག་ཤན་རྒྱུ་སོགས་ལ་སྦྱོང་ཞོར་ལས་ཞོར་བྱས་ནས་སྔར་གྱི་རྨང་གཞིའི་སྟེང་ནས་རིམ་བཞིན་བསླབ་ཏེ་མཁས་པར་གྱུར།དེ་ནས་དགེན་སྐལ་བཟང་ཚེ་རིང་གི་སློབ་མའི་རྩེ་གྲ་དང་།  ཁོའི་ཚེམ་བཟོའི་རྒྱུན་འཛིན་པ་གཅིག་པུ་དེ་ཡིན།༢༠༠༡ལོར་མཁས་དབང་བློ་གྲོས་ཕུན་ཚོགས་མཆོག་གི་ཐུགས་བཀོད་ལྟར་རྫོང་སར་ཁམས་བྱེ་ལྔ་རིག་སློབ་གླིང་གི་ཡན་ལག།བཟོ་རིག་སྡེ་ཚན་བཙུགས་ཤིང་། དེའི་ནང་ལ་རྣམ་གྲངས་ཀྱི་ཆ་ནས་ལྷ་བྲིས།    ཤིང་རྐོས། རྫ་བཟོ། རྡུང་མགར།  བླུག་བཟོ། ཚེམ་བཟོ།    འཐག་བཟོ་སོགས་ཀྱི་འཛིན་གྲྭ་བཙུགས། སྐབས་དེར་ཀརྨ་འཇམ་དབྱངས་ལགས་ཀྱིས་ཚེམ་བཟོ་འཛིན་གྲྭའི་དགེ་རྒན་གནང་ཞིང་།  སྨན་ཤོད་གཙོས་པའི་ས་གནས་སོ་སོའི་སློབ་ཕྲུག་མང་པོ་གསོ་སྐྱོང་གནང་། དགེན་བློ་གྲོས་ཕུན་ཚོགས་མཆོག་གིས་ནམ་ཡིན་གསུང་རྒྱུ་བོད་ཀྱི་ལག་ཤེས་དགེ་རྒན་ཞིག་གནང་དགོས་ན།ལག་རྩལ་བཟང་བ་དང་།  ཐོན་རྫས་ཕར་བལྟ་ས་མཛེས་པ་ཙམ་གྱིས་མི་ཆོག་པ། བོད་ཀྱི་བཟོ་རིག་པའི་ཐོན་རྫས་རེ་རེ་ལ་ལུགས་དང་།ཆ་ཚད།   རྟེན་འབྲེལ་གྱི་གནད་སོགས་ཕྱོགས་མང་པོ་ཞིག་ལ་སློབ་སྦྱོང་མ་བྱས་ན་བཟོ་རིག་དགེ་རྒན་ཚད་ལྡན་ཞིག་མིན་ཞེས་ཡང་ནས་ཡང་དུ་གསུངས་ཤིང་། ཁོང་སྐུ་དངོས་ནས་ཀྱང་རིགས་སོ་སོའི་དགེ་རྒན་དག་ལ་མཛུབ་ཁྲིད་དང་སློབ་སྟོན་གང་མང་གནང་ཞིང་། དཔེ་ན་ཚེམ་བཟོ་ལྟ་བུ་ཡིན་ན།  བླ་གོས་དང་སྣམ་སྦྱར་ཐང་གོས་སོགས་དམ་ཆོས་འདུལ་བའི་གཞུང་ལུགས་དང་མཐུན་པ། སྟོད་འགག་དང་ཆོས་རྒྱུད་སོ་སོའི་དབུ་ཞྭ་ལྟ་བུ་ཡིན་ན་རྟེན་འབྲེལ་གྱི་གནད་དང་མ་འགལ་བ།  ཐང་ག་ཡིན་ན་སྨན་གསར་ལུགས་ཀྱི་ཤན་སྟངས་དང་།ཀརྨ་སྒར་བྲིས་ལ་སི་ཏུ་ཆོས་འབྱུང་ལུགས་ཀྱི་ཤན་སྟངས་སོགས་དེ་དང་དེ་འདྲའི་རིགས་ཀུན་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཁོང་གིས་སློབ་སྟོན་གྱི་བཀའ་དྲིན་ལ་བརྟེན་ནས་ཚེམ་བཟོ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་གྱུར། ལྷག་པར་དུ་ཐང་ག་ཤན་རྒྱུ་ལ་ཆེད་སྦྱོང་བྱས་ཤིང་། ད་ལྟ་ཚེམ་བཟོའི་རིགས་སྤྱི་དང་ཐང་ག་ཤན་རྒྱུའི་ཐད་ནས་ཀུན་གྱིས་ཚད་མཐོའི་གདེང་འཇོག་བྱེད་ཡུལ་དུ་གྱུར་ཡོད།  ༢༠༡༥ལོར་དཀར་མཛེས་ཁུལ་ཤེས་ཡོན་མི་སྣ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་ཁམས་པའི་མཛངས་མིའི་དཔང་ཡིག་གནང་། ༢༠༡༨སྡེ་དགེ་རྫོང་གིས་ལག་ཤེས་ལ་རྟེན་ནས་ས་གནས་དབུལ་བཅོས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་། གནས་མཆོག་སྡེ་དགེའི་མཛངས་མིའི་མཚན་གནས་གནང་།  ༢༠༡༨ལོར་དབུལ་ཕོངས་དུད་ཚང་གཙོས་པའི་སློབ་མ་མང་པོ་གསར་སྣོན་གནང་སྟེ་སྲིད་གཞུང་གིས་བཟོ་ཁང་གསར་བཟོ་སོགས་ཀྱི་རྒྱབ་སྐྱོར་གནང་། ཚེམ་བཟོ་འཛིན་གྲྭའི་སློབ་མའི་ཁྱབ་ཁོངས་ཡིན་ན་ས་གནས་དེ་ག་གཙོས་པའི་བོད་ལྗོངས་དང་མཚོ་སྔོན་གྱི་སློབ་མ་ཡང་ཡོད་ལ། ད་ལྟ་སྤྱི་ཚོགས་སྟེང་ཁོང་གིས་རང་མགོ་ཐོན་པའི་སློབ་མ་བཞི་བཅུ་ཙམ་གསོ་སྐྱོང་གནང་ཡོད་ལ།        ད་དུང་མུ་མཐུད་ནས་དབུལ་ཕོངས་ཁྱིམ་ཚང་གཙོས་པའི་སློབ་མ་གསོ་སྐྱོང་དང་། མི་རིགས་ལག་ཤེས་རྒྱུད་འཛིན་དང་ཁྱབ་སྤེལ་གནང་དང་གནང་བཞིན་ཡོད།རིག་འཛིན་དབང་པོ་ནི་ཁོའི་ཚབ་མཚོན་སློབ་མ་ཞིག་ཡིན་ལ། ཁོང་༡༩༨༦ལོར་སི་ཁྲོན་སྡེ་དགེ་སྨན་ཤོད་དུ་སྐྱེས་ཤིང་། རང་ལོ་བརྒྱད་སྟེང་ས་གནས་སློབ་ཆུང་ལ་སོང་། སློབ་ཆུང་མཐར་ཕྱིན་རྗེས་ཚེམ་བཟོའི་དགེན་སྐལ་བཟང་ཚེ་རིང་མདུན་ནས་ལོ་གསུམ་ཙམ་ལ་ཚེམ་བཟོ་སྦྱོང་།          ༢༠༠༧ལོ་ནས་༢༠༡༤བར་དུ་དགེན་ཀརྨ་འཇམ་དབྱངས་མདུན་ནས་ཚེམ་བཟོ་སྤྱི་དང་ལྷག་པར་ཐང་གའི་ཤན་ཆ་ལ་ཆེད་སྦྱོང་བྱས་ཤིང་། ཀརྨ་འཇམ་དབྱངས་ཀྱི་ཕུལ་བྱུང་སློབ་མ་ཡིན།        ༢༠༡༤ལོ་ནས་ཁོ་རང་ཟུར་དུ་ཕྱིན་ནས་སློབ་མ་དྲུག་ཙམ་བསྡུས་ཏེ་ཚེམ་བཟོ་ཁང་ཞིག་ཕྱེས་ཏེ་ད་བར་དུ་ཚེམ་བཟོ་ཁང་དེ་གར་ལས་ཀ་བྱས་ནས་སྐྱ་སེར་གཉིས་ཀའི་གོས་དང་དགོན་པའི་དབུ་ཞྭ་རིགས། ལྷག་པར་ཐང་ག་ཤན་སྟངས་སོགས་ལ་ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཚད་མཐོ་བྱེད་ཡུལ་དུ་གྱུར་ཡོད།    ཁོང་གིས་ད་དུང་མུ་མཐུད་ནས་ཚེམ་བཟོ་སྤྱི་དང་ལྷག་པར་ཐང་ག་ཤན་སྟངས་ཕྱོགས་ནས་རྒྱུད་འཛིན་དང་དར་སྤེལ་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ལྷ་བཟོ་ཚེ་རིང་དཔལ་ལྡན།
  • ལེ་ཚན་རྗེས་མ།: ལྷ་བཟོ་དིལ་ཆུང་བུ་ཁེ།