ལྷ་བཟོ་ཚེ་རིང་དཔལ་ལྡན།

ཀུན་བཟང་དཔལ་མོ།        2021-03-03

   ལྷ་བཟོ་ཚེ་རིང་དཔལ་ལྡན།

  དེ་ཡང་སྡེ༵་བཞི་དགེ༵་བཅུས་ཕྱུག་པའི་གནས་མཆོག་ལྷུན༵་གྲུབ༵་སྟེང༵་ཞེས་བྱ་བའི་ཕྱོགས་གཏོགས་མཛེས་པ་ལྷ་སྡེ་ ༼ གཡུ་ཁང་ཚང་༽ ཞེས་པའི་ཁྱིམ་ཚང་དུ་སྤྱི་ལོ་༡༩༦༩སྤྱི་ཟ༦ཚེས༢༩ཉིན་སྐྱེས།  ཆུང་དུས་མིང་ལ་ཚེ་རིང་དཔལ་ལྡན་བཏགས།  ཆེས་ཐོག་མར་སྡེ་དགེ་པར་ཁང་ཆོས་མཛོད་དུ་རིན་ཆེན་གཏེར་མཛོད་ཀྱི་པར་རྩ་ལོ་ཤས་བྲིས། དེ་སྐབས་ལྷ་བྲིས་པའི་རེ་བ་དང་དམིགས་ཡུལ་མེད་ཀྱང་ལྷག་བསམ་དང་གཏོང་ཕོད་ཅན་གྱི་སྡེ་དགེ་པར་ཁང་གི་དབུ་ཁྲིད་དམ་པ་བཀྲ་ཤིས་རྡོ་རྗེ་མཆོག་གིས་ཕྲན་ལ་ལག་རྩལ་ཡོད་པར་གཟིགས་ནས་བླ་མ་ཐང་བླ་ཚེ་དབང་དྲུང་དུ་མངགས་ཏེ།  འགྲོ་སོང་ཡོངས་རྫོགས་གཏོང་གནང་བའི་བཀའ་དྲིན་ནི་བརྗོད་ལས་འདས། དེ་སྐབས་རང་ལོ་བཅུ་བདུན་ཏེ། ༡༩༨༥ ལོ་ནས་བཟུང་སྟེ་བླ་མ་ཐང་བླ་སྐུ་མ་གཤེགས་བར་དུ་འབད་བརྩོན་དྲག་པོས་ལྷ་བྲིས་སྦྱངས་པའི་ཁུལ་ཡིན།  ཁོང་སྐུ་གཤེགས་མ་ཐག་ནས་སྡེ་དགེ་པར་ཁང་དུ་དགེ་རྒན་གྱི་འགན་ལོ་ཤས་ཁུར། ལྷ་སར་སོང་སྟེ། ལྷོ་ཁ་དང་གཞིས་རྩེ་གཙོས་པའི་ལྷ་ས་ཕྱོགས་ལ་ཞལ་ཐང་རིགས་མང་ཙམ་བྲིས་པས་ལོགས་རིས་དང་ཤིང་ཚོན་རྙིང་པའི་ཚོན་མདངས་སྐོར་ལ་ཉམས་མྱོང་མ་དམན་ཙམ་ཐོབ། གེ་སར་སྟོང་ཐང་ཆེན་མོ་དང་། ཤམ་བྷ་ལའི་སྟོང་ཐང་། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཐང་ག་བརྒྱ། མི་ལའི་རྣམ་ཐར་ཞལ་ཐང་བརྒྱད་ཅུ་ཅན་དང་།ཡང་ལྔ་བཅུ་ཅན་བཅས་དེ་ཀུན་གྱི་གཙོ་བོའི་འགན་ཁུར་དང་སྤྱན་འབྱེད་ཆ་ཚང་བྱས། གུ་རུ་སྟོང་ཐང་སྤྱན་འབྱེད་གཙོ་འགན་ཁུར། ད་ལྟར་ཡང་ཁྲིན་ཏུ་ལ་སྔོན་མེད་གསར་བྱུང་ལྟ་བུ་འཇམ་མགོན་ས་པཎ་གྱི་རྣམ་ཐར་ཞལ་ཐང་བརྒྱ་ཐམ་པ་མགོ་མཇུག་ཡོངས་རྫོངས་རང་གིས་འགན་ཁུར་ནས་བྲི་བཞིན་པ་ཡིན། གཞན་ཡང་ལྷ་ཁང་མང་པོའི་ཞལ་ཐང་དང་སྒེར་གྱི་ཞལ་ཐང་མང་པོ་བྲིས་ཀྱང་ཡི་གེ་མང་བས་སོ་སོར་གསལ་བཤད་མ་བྱས། དེ་དག་གི་སྐབས་ནས་བཟུང་སྟེ། ད་བར་དུ་ས་ཆ་སོ་སོ་ལ་ཕྲན་གྱིས་དགེ་ཕྲུག་མང་པོ་ཞིག་བསྐྱངས་དང་སྐྱོང་བཞིན་པ་ཡིན་ལ།དགེ་ཕྲུག་མཁས་པའང་མང་ཙམ་ཡོད་ཀྱང་སོ་སོའི་མིང་ནས་སྨོས་ན་དགེ་ཕྲུག་ཚོའི་མོས་པ་དང་མཐུན་དཀའ་བ་སོགས་དགོས་པ་མི་འདུག་སྙམ། ཐམས་ཅད་དགེ་ཞིང་བདེ་ལེགས་ཤོག །   

  • ལེ་ཚན་སྔོན་མ།:ལྷ་བཟོ་ཚེ་འཕེལ།
  • ལེ་ཚན་རྗེས་མ།: ཚེམ་དྲུབ་བ་ཀརྨ་འཇམ་དབྱངས།