ལྷ་བཟོ་ཚེ་འཕེལ།

བློ་གྲོས་ཕུན་ཚོགས།        2021-03-03

   

ལྷ་བཟོ་ཚེ་འཕེལ།

   ༄༅།  །རྫོང་སར་ལྷ་བྲིས་ཚེ་འཕེལ་གྱི་ངོ་སྤྲོད་མདོར་བསྡུས་ནི།སྨན་ཤོད་རྩེས་དང་དུ་ཕ་རབ་བརྟན་དང་མ་བཀྲ་ཤིས་འཚོ་ལས་༡༩༦༢་པའི་ཆུ་སྟག་ལོར་བཙས།ཆུང་ནས་ས་གནས་སློབ་ཆུང་ནང་རྒྱ་བོད་ཡིག་བསླབ།ཁྱད་པར་བོད་ཡིག་ཕ་རྒན་གྱིས་བསླབ། རང་ལོ་བཅོ་བརྒྱད་སྐོར་ནས་རྫོང་སར་ལྷ་བཟོ་ཚེ་མགོན་མདུན་རི་མོ་སྦྱང་།  རང་ལོ་ཉི་ཤུའི་སྐབས་དཔལ་སྤུངས་ཐང་བླ་ཚེ་དབང་དང་རྡོར་བྲག་འཇམ་དཔལ་མདུན་རི་མོ་སྦྱང་།དེའང་ཁོང་གིས་རི་མོ་ལུགས་གསུམ་མཁྱེན་པས་དེའི་ལོ་རྒྱུས་སོ་སོར་སྨོས་ན།  

    ༡༽  རྫོང་སར་ལྷ་བྲིས་ཚེ་འཕེལ་གྱི་སྨན་གསར་རི་མོའི་ཁུངས་ནི།  སྔ་གཙང་པ་ཆོས་དབྱིངས་རྒྱལ་མཚོས་གསར་གཏོད་བྱས་པའི་རི་མོ་སྨན་ལུགས་གསར་མ་ལ།༡༨༩༠ལོར་ཆབ་མདོ་ཕྱོགས་སུ་འཁྲུངས་པའི་གྲུ་བ་ཕུར་བུ་ཚེ་རིང་ནས་ཁམས་ལུགས་སྨན་གསར་གྱི་རི་མོ་ཁྱད་ཆོས་ཅན་སྲོལ་གསར་དུ་གཏད།དེའི་སློབ་མ་ཆབ་མདོ་རྫ་རྒྱུད་ཀྱི་ལྷ་བཟོ་དབང་དགའ་ཞེས་པ་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་རྫོང་སར་ལ་གདན་ཞུས་བྱས།དེའི་སློབ་མ་སྨན་ཤོད་རྩེས་དང་བ་ལྷ་བཟོ་ཚེ་མགོན་ཡིན།དེའི་སློབ་མ་རྫོང་སར་ལྷ་བྲིས་ཚེ་འཕེལ་ཡིན།  

    ༢༽ ཚེ་འཕེལ་གྱིས་ཀརྨ་སྒར་བྲིས་སྦྱང་ས་ནི།  དེ་འང་ཀརྨ་སྒར་བྲིས་ཞེས་པ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ལས་རིམ་བཞིན་འཕེལ་རྒྱས་བྱུང་བ་ལུགས་གསུམ་ཙམ་དང་།  ཕྱིས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྒར་ལུགས་གསར་མ་སོགས་བྱུང་བའི་སློབ་བརྒྱུད་ཀར་འབྲུག།དེའི་སློབ་མ་མེ་ལིང་རྡོར་བྲག་ཁང་སར་འཇམ་དཔལ་དང་ཐང་བླ་ཚེ་དབང་།དེའི་སློབ་མ་ཚེ་འཕེལ་ཡིན།

    ༣༽ སྒར་སྨན་འདྲེས་མ་སྦྱང་ས་ནི།དཔལ་སྤུངས་ཐང་བླ་ཚེ་དབང་མདུན་སྦྱང་བ་ཡིན།ཐང་བླ་ཚེ་དབང་ནི་ཝ་ཤུལ་བློ་གྲོས་དང་ཀར་འབྲུག་སོགས་ལས་རི་མོ་བསླབ།  མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་ཁམས་བྱེ་གོས་སྐུ་ཆེན་མོ་བཞེངས་སྐབས་ཐང་བླ་ཚེ་དབང་མ་ལོན་ཐབས་མེད་ཡིན།  ཁོང་བཟོ་རྩལ་ཁྱད་དུ་འཕགས་པ་མ་ཟད་སི་ཏུ་རིན་པོ་ཆེའི་སྤྲུལ་པའི་སྐུ་ཞིག་ཀྱང་ཡིན་སོགས་རྫོང་སར་ཆོས་ཁྲིམས་བྱ་མོ་ཚེ་དབང་རྣམ་རྒྱལ་ལ་གསུང་འདུག་པ་ཆོས་ཁྲིམས་ཞིང་གཤེགས་ཞལ་ལས་ཁོ་བོས་དངོས་སུ་ཐོས།ཐང་བླ་ཚེ་དབང་རིག་པའི་གནས་ལྔ་ལ་མཁས་ཞིང་ཁྱད་པར་ལྷ་བྲིས་ལ་མཁས།ཁོང་གིས་སྒར་བྲིས་གསར་མ་དང་སྨན་གསར་རི་མོ་གཉིས་ཀྱི་ལེགས་ཆ་བསྲེས་པའི་སྒར་སྨན་འདྲེས་མའི་ལུགས་གསར་དུ་ཕྱེས།དེའི་སློབ་མ་ཚེ་འཕེལ་ཡིན། དེ་ལྟར་རི་མོ་ལུགས་གསུམ་མ་འདྲེས་པ་སོ་སོའི་ཁྱད་ཆོས་འབུར་དུ་ཐོན་ལ་བཟོ་རྩལ་ཕུལ་དུ་བྱུང་བའི་དགེ་རྒན་ཆེན་མོར་གྱུར།

    ཁོང་གིས་རི་མོ་བྲིས་པའི་ཕྱག་རྗེས་མདོར་བསྡུས་ཙམ་ཞུ་བ་ལ། ༡༩༨༣་ལོར་རྫོར་སར་དགོན་བསྟན་པ་སླར་གསོ་སྐབས་ལྷ་བྲིས་དབུ་ཆེན་གྱི་འགན་བཞེས། རྫོང་སར་འདུ་ཁང་དང་།  མཁྱེན་བརྩེའི་དབང་ཁང་སོགས་ཀྱི་ལྷ་དཔོན་བྱས། ༢༠༠༡་ལོ་ནས་འགོ་བརྩུགས་ཏེ་རྫོང་སར་ཁམས་བྱེ་སློབ་གླིང་དུ་རིག་པའི་གནས་ལྔ་ཡི་འཛིན་གྲྭའི་ནང་ཚན་བཟོ་རིག་པའི་འཛིན་གྲྭ་ཁག་ལས།  ལྷ་བྲིས་ཚན་ཁག་གི་དགེ་རྒན་ཆེན་མོ་དུས་ད་ལྟའི་བར་དུ་མཛད་བཞིན་པ་ཡིན།  ཁོང་གི་ཞལ་སློབ་མདོ་དབུས་ཁམས་གསུམ་རྒྱ་ནག་སོགས་ལས་བྱུང་བའི་སློབ་གཉིས་བརྒྱ་ཉེ་བར་ཡོད། ཁོང་གིས་ལུགས་སོ་སོར་རང་རྐང་ལྟར་བྲིས་པ་ནི།གོ་འཇོ་རྒྱ་ར་དགོན། ཡིད་ལྷུང་ལྷ་བྱ་དགོན།  ཀུ་སེ་པོ་ལུ་དགོན།སྡེ་དགེ་མཎྜལ་དགོན།རྔ་སྣ་རི་ཁྲོད།ནང་ཆེན་གནས་རྟེན་དགོན།རྒྱ་ནག་ཅམ་ཕྱིས་པདྨ་དགོན།ཀཿཐོག་དགོན་སོགས་ཀྱི་གྱོང་ལྷ་ལྡེབས་བྲིས་སྒར་སྨན་འདྲེས་མའི་ལུགས་སུ་བྲིས།ཀརྨ་སྒར་བྲིས་རང་ལུགས་སུ་རྫོང་སར་དགོན་གྱི་རིགས་ལྡན་ཞལ་ཐང་སོ་དགུ་དང་།དེ་བཞིན་ཀཿ་ཐོག་ལའང་བཞེངས། ཀཿ་ཐོག་བླ་བརྒྱུད་གསེར་ཕྲེང་ཞལ་ཐང་རེ་དྲུག་ཅན་སོགས་བཞེངས། སྨན་གསར་ལུགས་ལ་མཁྱེན་བརྩེའི་བཀའ་བབས་སྐོར་ཞལ་ཐང་བརྒྱ་ཕྲག་བརྒལ་སོགས་ལུགས་སོ་སོར་མ་འདྲེས་པ་དཔེ་བལྟ་འོས་པ་ཡོད།དེ་དག་ནི་དཔེ་མཚོན་ཙམ་ཡིན་ལ་དུས་རྒྱུན་མང་ཤོས་སྒར་སྨན་འདྲེས་མའི་ལུགས་འདི་མང་ཤོས་འབྲི་འདུག་གོ།།

ཞེས་པའང་རྫོང་སར་བློ་གྲོས་ཕུན་ཚོགས་ནས་༢༠༡༧ལོའི་ཟླ༡༢ཚེས༥ཉིན་རང་ཤག་ཏུ་བྲིས་པ་དགེ།  །

  • ལེ་ཚན་སྔོན་མ།:ལྷ་བཟོ་དིལ་མགོ་ཨ་སྤྲུག
  • ལེ་ཚན་རྗེས་མ།:ལྷ་བཟོ་ཚེ་རིང་དཔལ་ལྡན།