ལྷ་བཟོ་དིལ་མགོ་ཨ་སྤྲུག

ཀུན་ཁྱབ།        2021-03-03

   

ལྷ་བཟོ་དིལ་མགོ་ཨ་སྤྲུག

    ཨ་སྤྲུག་ནི་སྤྱི་ལོ་༡༩༦༢ལོར་ཨ་ལོ་ཁབ་སྟེང་དུ་སྐུ་འཁྲུངས། དགུང་ལོ་ལྔ་དྲུག་གི་སྐབས་ནས་ཨ་ལོ་དཔལ་འབྱོར་དགོན་པའི་རྡོར་སློབ་ཁུ་བོ་ཀརྨ་ཆོས་སྐྱོང་གི་མདུན་དུ་ཀློག་བསླབས། དགུང་ལོ་བཅུའི་ཐོག་དཔལ་སྤུངས་དགོན་དུ་ཕེབས་ནས་མཁན་པོ་དིལ་ཆུང་བློ་ཆོས་ཀྱི་མདུན་ནས་བྲིས་དང་སུམ་རྟགས་དག་གསུམ་སོགས་རྨང་གཞིའི་ཤེས་བྱ་རྣམས་བསླབས།དེ་དང་དུས་མཚུངས་སུ་སྤྲུལ་པའི་བཟོ་རྒྱལ་ཐང་བླ་ཚེ་དབང་དང་། ཁང་གསར་འཇམ་དཔལ།   མཛོ་རྫི་དར་རྒྱས་རྣམ་གསུམ་ལ་བསྟེན་ནས་ཀརྨ་སྒར་བྲིས་ལ་ཆེད་སྦྱངས་མཛད་ཤིང་།  བཟོ་རྒྱལ་ཐང་བླ་ཚེ་དབང་མཆོག་གི་ཐུགས་རྗེའི་ཞགས་པས་ཟིན་ཏེ་སྒར་བྲིས་ལ་མཁས་ཤིང་སྲས་ཀྱི་ཐུ་བོར་གྱུར། དེ་ནས་སྔ་ཕྱི་རིམ་བཞིན་སྡེ་དགེ་དཔལ་སྤུངས་དགོན་དང་། སྡེ་དགེ་གཡུ་འབྲུག་ལྷ་ཁང་།  སྡེ་དགེ་ལྕགས་ར་དགོན། ཀུ་སེ་གསེར་ལྗང་དགོན། ཆབ་མདོ་གླེ་མདའ་དགོན།  མི་ཉག་ལྷ་སྒང་བཤད་གྲྭ། སྡེ་དགེ་དཔལ་ཡུལ་དགོན། ཨ་ལོ་དཔལ་འབྱོར་དགོན།རྫ་སྟོད་རྒེའུ་སྣ་དགོན།མགོ་ལོག་རྒྱུད་སྡེ་དགོན། འཛམ་ཐང་རྡོ་གཡུ་ཐོག་དགོན། སྡེ་དགེ་རྡོ་བྲག་དགོན།  སྡེ་དགེ་ཨེ་ཝཾ་དགོན།  ཡིད་ལྷུང་བཀྲ་ཤིས་ཁྲི་གླིང་སོགས་ཀྱི་ལྷ་ཁང་གི་ཚོན་རིས་དང་གྱང་ལྷ་སོགས་བྲིས་ཤིང་། བོད་ལྗོངས་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་དུ་སྐུ་ཞབས་རྡོ་རྗེ་དོན་གྲུབ་མཆོག་གིས་གདན་ཞུས་ལྟར་ཀར་ཤོད་བསྟན་དགའ་སོགས་དང་ལྷན་དུ་ཐང་ཀ་མང་པོ་བྲིས་པ་དང་། རྡོ་སྨད་གཡུ་ཐོག་དགོན་གྱི་བཀའ་བརྒྱུད་གསེར་ཕྲེང་གི་ཞལ་ཐང་ཆེན་མོ་སོགས་ཐང་ག་བརྒྱ་ཕྲག་བརྒལ་བ་བྲིས་པས་ཀུན་གྱིས་གདེང་འཇོག་ཆེན་པོ་ཐོབ། ད་ལྟ་རང་གནས་ཁབ་སྟེང་དུ་བཞུགས་ཏེ་མདོ་དབུས་ཁམས་ནས་ཡོང་བའི་སློབ་བུ་དོན་གཉེར་ཅན་དུ་མ་ཞིག་ལ་རིན་མེད་སྒོས་ཀརྨ་སྒར་བྲིས་ཁྲིད་བཞིན་ཡོད་ལ། ཁོང་གི་སློབ་བུ་རྣམ་སྤྱོད་ཅན་དུ་མ་ཞིག་གིས་ཀྱང་ཀརྨ་སྒར་བྲིས་ཀྱི་ཕྲིན་ལས་རྒྱལ་ནང་སོགས་ཡུལ་གྲུ་གང་མང་ཞིག་ལ་སྤེལ་བཞིན་ཡོད།  དེ་ལྟར་བོད་ཀྱི་སྲོལ་རྒྱུན་རི་མོ་སྤྱི་དང་ཁྱད་པར་དུ་ཀརྨ་སྒར་བྲིས་འདི་ཉིད་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་ལ་བྲེལ་བཞིན་མཆིས་སོ། །    

  • ལེ་ཚན་སྔོན་མ།:ལྷ་བཟོ་འཆི་མེད།
  • ལེ་ཚན་རྗེས་མ།:ལྷ་བཟོ་ཚེ་འཕེལ།