ལྷ་བཟོ་འཆི་མེད།

ཀུན་བཟང་དཔལ་མོ།        2021-03-03

   

ལྷ་བཟོ་འཆི་མེད།

   ཀརྨ་སྒར་བྲིས་ཐང་གའི་རྒྱུན་འཛིན་པ་ལྷ་བཟོ་བ་འཆི་མེད་ནི།བོད་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ཏེ་སྤྱི་ལོ་༡༩༦༨ལོར་ཁམས་སྡེ་དགེ་དཔལ་སྤུངས་རྡོར་བྲག་མེ་ལིང་དུ་སྐྱེས། རང་ལོ་བརྒྱད་ཐོག་གྲོང་སྡེའི་སློབ་ཆུང་དུ་ཕྱིན་ཏེ་བོད་ཡིག་དང་།རྩིས་རིས་བཅས་སློབ་སྦྱོང་བྱས། རང་ལོ་བཅུ་གཉིས་ཐོག་ནས་ཞང་པོ་འཇམ་དཔལ་དང་། ཐང་བླ་ཚེ་དབང་རྣམ་གཉིས་ཀྱི་མདུན་ནས་ལྷ་བྲིས་སྦྱང་རྒྱུའི་འགོ་ཙམ་ཞིང་ལོ་ངོ་བཅུ་གཉིས་རིང་སློབ་སྦྱོང་ལ་བརྩོན་པ་ལྷོད་མེད་བྱས། རང་ལོ་ཉེར་གཉིས་སྤྱི་ལོ་༡༩༩༠ལོར་ཁུ་བོ་འཇམ་དཔལ་དགོངས་པ་རྫོགས་རྗེས།རང་རྐྱ་འཕེར་ཁུལ་གྱིས་སྔར་དུས་འགྱུར་སྐབས་ཀྱི་དགོན་སྡེ་ཁག་གཏོར་བརླག་སོང་པར་སླར་ཡང་བསྐྱར་གསོ་བྱེད་བཞིན་པའི་སྐབས་དགོན་ཁག་གི་ལྡེབས་བྲིས་དང་དད་ལྡན་མང་ཚོགས་རྣམས་ཀྱི་རེ་འདུན་ལྟར་ཐང་ཀ་གང་མང་བྲིས། སྤྱི་ལོ་༢༠༠༠ལོར་སི་ཁྲོན་ཁྲིན་ཏུའུ་རུ་སོང་ནས་ཐེ་ཝན་དང་།པེ་ཅིན། ཁྲིན་ཏུའུ་སོགས་ཀྱི་རྒྱ་རིགས་ཁ་ཤས་ལ་རྒྱུད་སྡེ་ལྷ་ལྔ་དང་།  གསར་རྙིང་སྔོན་འགྲོའི་ཚོགས་ཞིང་། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་ཀྱི་ཐང་ཀ་གྲངས་མང་བྲིས་ནས་ལོ་ངོ་བཅུ་གཉིས་རིང་ཁྲིན་ཏུའུ་ལ་ཐང་ཀའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་མཛད།  དེ་ནས་སྤྱི་ལོ་༢༠༡༢ལོར་ཕ་ཡུལ་དུ་ལོག་ནས་རང་ཁྱིམ་དུ་ཐང་ཀ་འབྲི་ཞོར་དུ་ལྷ་རིས་སྦྱོང་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་རྣམས་ལ་རང་ནུས་གང་ཡོད་ཀྱིས་ཀརྨ་སྒར་བྲིས་ཀྱི་རི་མོའི་ཐིག་རྩ་ནས་བསླབས།དེང་སྐབས་ལྕང་ར་སློབ་ཆུང་ཐང་ཀའི་འཛིན་གྲྭ་དང་། སྡེ་དགེའི་རིག་གནས་ཡུལ་བསྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། དཀར་མཛེས་ཁུལ་ལས་རིག་ལག་རྩལ་སློབ་གྲྭ་དང་།སྡེ་དགེ་རྫོང་།  རྡོ་ཕུ་ཀུང་སི་གསུམ་མཉམ་འབྲེལ་ཆེད་གཉེར་ཐང་ཀ་འཛིན་གྲྭ་བཅས་ཀྱི་རི་མོའི་དགེ་རྒན་གྱི་ཕྱག་ལས་མཛད་བཞིན་མཆིས་སོ།།སྔོན་རྗེས་སུ་ཁོང་གིས་བྲིས་པའི་ཐང་ཀ་མང་པོ་རང་རྒྱལ་གྱི་མཛེས་རྩལ་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་བཤམས་སྟོན་བྱེད་བཞིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཀྲོའུ་ཨ་ཅ་ཡིས་གཞི་རིམ་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ།
  • ལེ་ཚན་རྗེས་མ།:ལྷ་བཟོ་དིལ་མགོ་ཨ་སྤྲུག