སྨན་རྩིས་རིག་པའི་བསྟན་པར་མཛད་རྗེས་ཆེ་བའི་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་ལགས།

ཨ་ཐེང་ཆོག        2017-09-20

སྨན་རྩིས་རིག་པའི་བསྟན་པར་མཛད་རྗེས་ཆེ་བའི་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་ལགས།

གསོ་རིག་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོའི་ཡུལ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་གདན་ས་ཟབ་རྒྱས་ཆོས་འཁོར་གླིང་གི་ཉེ་ཟུར་དུ་སྐུ་འཁྲུངས། ཁོང་ཆུང་ངུའི་དུས་ནས་སྐྱེས་ཐོབ་ཀྱི་ཤེས་རབ་གསལ་ཞིང་རིག་པའི་གནས་ལ་ཐུགས་འདུན་གཞན་ལས་ཆེ་བ།  གཞན་ཕན་དོན་གཉེར་གྱི་མཐུ་སྟོབས་དང་ལྡན་པ་སོགས་དམ་པའི་ངང་ཚུལ་དང་ལྡན་ཞིང་།  ཕྱི་ནང་གི་འགལ་རྐྱེན་མཐའ་དག་ཁྱད་དུ་བསད་ནས་རིག་གཞུང་སློབ་གཉེར་སྤྱི་དང་། ཁྱད་པར་གོ་འཇོ་ཁུལ་གྱི་གསོ་རིག་སློབ་དཔོན་ཟླ་བ་འཆི་མེད་དང་། འཇིགས་མེད་མཐུ་ལྡན་རིག་པའི་རྡོ་རྗེ།     སྐལ་བཟང་དགའ་བའི་བློ་གྲོས་སོགས་ཀྱི་གཙོས་པའི་བཤེས་གཉེན་དུ་མ་ལས་གངས་ཅན་གསོ་བ་རིག་པའི་གཞུང་དང་ལག་ལེན། དབང་ལུང་ཁྲིད་གསུམ་ཐམས་ཅད་མཁྱེན་རབ་ཀྱི་ཀློང་དུ་རྫོགས་ཏེ་མཁས་པའི་གོ་སར་ཕེབས། སྔ་གཞུག་ཏུ་གོ་འཇོ་རྫོང་གི་བོད་སྨན་ཁང་དང་། ལྷ་ས་སྨན་རྩིས་ཁང་། བོད་ལྗོངས་གསོ་རིག་སློབ་ཆེན་རྣམས་སུ་ནད་གསོ་སྨན་བཅོས་དང་། གཞུང་ལུགས་སྒྲིག་རྩོམ། འཆད་ཁྲིད་བཀའ་སློབ་སོགས་རྒྱལ་ཁབ་ཕྱི་ནང་དུ་གདུལ་བྱ་རྗེས་སུ་འཛིན་པའི་ཕྲིན་ལས་ཕྱོགས་མེད་བརྡལ་ཞིང་རྒྱལ་ཡོངས་གསོ་རིག་ཆེད་མཁས་ཀྱི་ལས་ཐོབ་བཞེས།  ཁྱད་པར་དུ་སྔ་ན་མ་གྲགས་པའི་བསྟན་བཅོས《གཡུ་ཐོག་དགོངས་རྒྱན》ཞེས་པ་ཞལ་གསལ་ཞིང་ཁུངས་བཙུན་པ་དང་། འཚོལ་བདེ་ཞིང་རྒྱས་བསྡུས་འཚམས་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པའི་ལྗགས་རྩོམ་དེ་གནང་བས།  གངས་ཅན་གསོ་རིག་གི་ཁ་སྐོང་ཡང་དག་མཛད་པར་དཔྱོད་ལྡན་ཁྲི་འབུམ་མང་པོས་བསྔགས་བརྗོད་ཀྱི་གླུ་སྒྲ་ཕྱོགས་བཅུར་བསྒྲགས། ཉེ་ཆར་ཡང་གཞུང་དེ་ཉིད་རྒྱས་གསལ་རྒྱ་བསྐྱེད་གནང་བའི་ཚིག་མཛོད་འཚོ་བྱེད་སྙིང་གི་ཉི་མ་འཆར་ལ་ཉེ་བར་ལྷ་མི་ཡོངས་ཀྱི་དགའ་འབོད་མདུན་བསུའི་རོལ་མོ་སྲིད་གསུམ་གྱི་ཁོངས་ན་ལྡིར་བཞིན་མཆིས།    གཞན་ཡང་བོད་ལྗོངས་སློབ་ཆེན་དུ་གངས་ཅན་གསོ་རིག་བརྒྱུད་པའི་ཞལ་ཐང་མང་པོ་དང་། དཔལ་ལྡན་རྒྱུད་བཞིའི་གླེགས་བམ་གསེར་བྲིས། གངས་ཅན་རང་ལུགས་ཀྱི་ཆ་བྱད་སྣ་ཚོགས་གསར་བསྐྲུན་གནང་བ་སོགས་སྨན་རྩིས་རིག་པའི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བསྩལ།  དེ་མིན་ད་དུང་ཁོང་གི་དཔྱད་རྩོམ་དང་། མན་ངག  བཀའ་སློབ་སོགས་ཀྱིས་འགྲོ་བ་ཉམ་ཐག་ཟུག་རྔུས་གདུང་གྲངས་མཐའ་མི་དམིགས་པ་ལ་ཕན་བདེའི་གྲུ་ཆར་བར་མེད་དུ་འཇོ་བའི་བཀའ་དྲིན་གནང་།  མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་ཕེབས་ནས་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་སོ་སོའི་འཚོ་བྱེད་མཁས་དབང་བརྒྱ་ཕྲག་དུ་མར།  དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི《ཤེལ་གོང་ཤེལ་ཕྲེང》གི་ལྗགས་ལུང་དང་།  འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི《ཟིན་ཏིག་བདུད་རྩིའི་ཐིགས་པ》སོགས་ཀྱི་རྒྱས་ཁྲིད་མཛད་པ་སོགས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་། འདི་ལྟ་བུའི་འཚོ་བྱེད་དབང་པོ་ཁོང་ད་ལྟ་བོད་ལྗོངས་གསོ་རིག་སློབ་ཆེན་གཞན་ཕན་ནོར་བུའི་ལྡིང་ཁང་དུ་སྐུ་ཚེ་འགྱུར་མེད་རྟག་བརྟན་རྡོ་རྗེའི་ཁྲི་ལ་འཚོ་གཞེས་སུ་བརྟན་པ་ནི་གངས་ཅན་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་བ་བཟང་པོ་ཉིད་དོ། །


  • ལེ་ཚན་སྔོན་མ།:ལྷ་རིས་པ་ཆེན་མོ་ཆོས་སྐྱོང་ཚེ་རིང་མཆོག་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།