2017-09-20
ལྷ་རིས་པ་ཆེན་མོ་ཆོས་སྐྱོང་ཚེ་རིང་མཆོག་ནི་སྤྱི་ལོ1968ལོའི་ཟླ་བ8པའི་ཚེས8ཉིན་བོད་ལྗོངས་ཆབ་མདོ་ཨོ་མདའ་གྲོང་དུ་འཁྲུངས། ཁོང་གི་ཁྱིམ་རྒྱུད་ནི་སྨན་གསར་ལུགས་ཀྱི་ཐང་ཀ་འབྲི་བཞེངས་ཀྱི་རྒྱུན་མ་ཆད་པའི་ཁྱིམ་ཚང་ཞིག་ཡིན་པས། སློབ་ཆུང་ནང་བོད་ཡིག་དགེ་རྒན་འཇམ་བསྟན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་ལ་འབད་རྩོན་ཆེན་པོ་བྱས་པས་སློབ་མ་ཡོངས་ལ་མིག་དཔེ་བལྟ་རུ་བཅུག་པ་དང་གཟེངས་བསྟོད་ཐེངས་མང་གནང་མྱངས། དེ་ནས་བཟུང་སློབ་སྦྱོང་གི་ཞོར་དུ་མི་དང་། བྱ་བྱེའུ། རྟ་ཟོག་ར་ལུག་གང་མཐོང་རྣམས་བྲིས་པས་ཇི་མ་ཇི་བཞིན་བྱུང་། རང་གིས་བྲིས་པའི་རི་མོ་རྣམས་ལྷ་རིས་མཁས་ཅན་དབུ་ཆེན་གྲུ་པ་འཇམ་དབྱངས་རྣམ་རྒྱལ་མདུན་གཟིགས་མོ་ཕུལ་བར་ཁྱེད་རང་གིས་ལྷ་རིས་སྦྱོང་ན་ཕུལ་བྱུང་གི་མཁས་པ་ཆགས་ཐུབ་ཀྱི་རེད་གསུངས། དེར་བརྟེན་ཕ་མ་གཉིས་ལ་རང་ཉིད་ཀྱིས་ལྷ་རིས་སྦྱོང་འདོད་པའི་རེ་འདུན་ཞུས་པས་མོས་མཐུན་བྱུང། དེ་ནས་བཟུང་སྤོ་བོ་དབུ་ཆེན་གྲུ་པ་འཇམ་དབྱངས་རྣམ་རྒྱལ་དགེ་རྒན་དུ་བསྟེན་ནས་སྨན་གསར་གྱི་རི་མོ་སྦྱངས། ལོ་གཅིག་རིང་རི་མོ་སྦྱོང་པས་སྤོ་བོ་ལགས་ཀྱིས་མ་དཔེ་བྲིས་པའི་སྟོན་པ་སོགས་ཀྱི་མ་དཔེ་ཇི་བཞིན་འབྲི་ཐུབ་པ་བྱུང། ཁམས་ཕྱོགས་ནས་བླ་སྤྲུལ་དགོན་ཁག་ཆེ་རིགས་ཀྱི་འདུ་ཁང་ལ་ལྡེབས་རིས་དང་། ཐང་ཀ་གྲངས་མང་པོ་བཞེངས་མྱངས།
སྤྱི་ལོ2014ལོའི་ཟླ5པའི་ཚེས18ལ་བོད་རང་སྐྱོང་ལྗོངས་བཟོ་བཀོད་མཛེས་རྩལ་པ་ཆེན་མོའི་མཚན་སྙན་ཐོབ། སྤྱི་ལོ2014ལོའི་ཟླ9པའི་ཚེས28ཉིན། སྐབས་དང་པོའི་ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་དུས་ཆེན་རྩེར་སོན་འགྲེམ་སྟོན་ཐོག་ཐང་ཀ་བརྒྱད་ལ་རྩེར་སོན་གྱི་བསྡུར་འབྲས་ཐོབ་པ་དང་། ཐང་ཀ་གཅིག་ལ་ཟངས་བྱང་གི་བྱ་དགའ་གཟེངས་བསྟོད་དང། ཁམས་སྨན་གསར་ལུགས་ཀྱི་རི་མོའི་རྒྱུན་འཛིན་པའི་མིང་བྱང་སོགས་ཐོབ། རྒྱ་ནག་རི་བོ་རྩེ་ལྔ་དང་ཧྲང་ཧེ་མངོན་དགའ་རིག་གནས་བརྒྱུད་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ལ་མཛེས་སྤུས་གཉིས་ལྡན་གྱི་ཐང་ག་དང་མཆོད་ཆས་སོགས་མང་པོ་བཟོས་པས་བཟོ་བོ་རང་གི་ལག་རྩལ་དང་། བོད་བཟོ་ལག་ཤེས་ཀྱི་སྙན་པ་རྒྱ་བོད་ཧོར་སོག་ཀུན་ཏུ་ཁྱབ་པར་བྱས། ད་ལྟ་ཁམས་སྨན་གསར་ལུགས་རྒྱུན་འཛིན་རི་མོ་གླིང་གི་སློབ་གཙོ་དང་། ལྷ་བཟོ་དབུ་ཆེན་སོགས་ཀྱི་འགན་བཞེས་ནས། བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་རིག་པ་བཟོའི་གནས་མི་ཉམས་གོང་དུ་སྤེལ་བའི་བྱ་བ་མང་པོ་སྒྲུབ་བཞིན་ཡོད།
ལོ་བཅུ་དྲུག་ནས་རང་གི་སློབ་མ་གསོ་སྐྱོང་བྱས་ནས་ད་བར་སློབ་མ་མི་གྲངས180ཡོད་པའི་ནང་ཕུལ་བྱུང་གི་སློབ་མ་གསོ་སྐྱོང་ཐུབ་པའི་མི་གྲངས25ཡོད་ལ། དེའི་ནང་གི་བཟོ་བོ་མི་ཉུང་བ་ཞིག་ནི་དུད་ཚང་དབུལ་པོའི་བུ་རྒྱུད་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ཡིན་པས་རྒུད་སྐྱོབ་ཀྱི་བྱ་བ་ལའང་མཛད་རྗེས་ཆེའོ།།
རྩོམ་གསར། 10