ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་བསྟན་དགའ།

        2017-09-20

ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་བསྟན་དགའ།

སྲོལ་རྒྱུན་རི་མོ་བའི་ཁྱིམ་རྒྱུད་ནས་བྱུང་བ།

སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ཀྱི་མིང་ཐོའི་ནང་འདི་ལོར་ལོ39ལ་སླེབས་པའི་བསྟན་དགའ་ཡོད་པ་རེད།     བསྟན་དགའ་ནི་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་ཨང་ཉེར་དགུ་པ་ཡིན་པ་དང་རྒྱུན་འཛིན་པ་ཨང་ཉེར་བརྒྱད་པ་བསྟན་དགའ་ཡི་ཞང་པོ་ཀརྨ་བདེ་ལེགས་ཀྱང་བོད་རང་  སྐྱོང་ལྗོངས་ཀྱི་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ཀྱི་མིང་ཐོའི་ནང་བཀོད་ཡོད།  བསྟན་དགའ་ནི་བོད་ཀྱི་ལུགས་མང་ཐང་ག་སྲོལ་གཏོད་མཁན་གྱི་གྲས་ཤིག་ཡིན་ཞིང་།  ཁོང་དང་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་སྲོལ་བཏོད་པའི་རྡོར་ལུགས་ཐང་གའི་གནས་ཚུལ་ཤེས་མཁན་ཇེ་མང་དུ་སོང་བ་དང་ཆབས་ཅིག་འབྲེལ་ཡོད་ཆེད་ལས་མི་སྣའི་ཁས་ལེན་ཡང་ཐོབ་ཡོད་པ་རེད།

བོད་ཀྱི་ལྷ་མོ་བླ་མཚོ་རི་མོ་ཁང་གི་ཡོའན་ཀྲང་གཞོན་པ་བསྟན་དགའ་ནི་ངོ་ཚ་སྨིན་ལ་སྐད་ཆ་ཤོད་རྒྱུར་དགའ་པོ་མེད་པའི་མི་ཞིག་ཡིན། བསྟན་དགས་ལོ8ནས་བཟུང་ཕའི་ས་ནས་ཐང་ག་འབྲི་རྩལ་སྦྱོང་འགོ་བཙུགས་པ་དང་། ལོ10ལ་སླེབས་སྐབས་རང་ཉིད་ཀྱི་ཞང་པོ་སྟེ་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་ཨང་ཉེར་བརྒྱད་པ་ཀརྨ་བདེ་ལེགས་དགེ་རྒན་དུ་བསྟེན་ནས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་རྩལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱངས། ལོ་བརྒྱད་ཀྱི་རིང་ལ་འབད་པ་ལྷོད་མེད་ཀྱིས་ཐང་ག་འབྲི་རྩལ་སྦྱངས་རྗེས་ཞང་པོ་ཀརྨ་བདེ་ལེགས་ཀྱིས་ད་ལྟ་དགེ་ཕྲུག་ནས་ཐོན་པའི་དུས་སུ་སླེབས་འདུག  ཁྱེད་ལ་ལྡེབས་རིས་ཆེ་གྲས་བཞེངས་པའི་ནུས་པ་ཡོད་ཅེས་བཤད། དེ་འདྲ་བཤད་ནའང་བསྟན་དགས་ཞང་པོའི་ས་ནས་སྔར་བཞིན་མ་བྲལ་བར་ཁོང་དང་མཉམ་དུ་ཐང་ག་འབྲི་བཞེངས་ཀྱི་ལས་སུ་ཞུགས། དེའི་རིང་ཆབ་མདོའི་ཀརྨ་དགོན་གྱི་གདན་ཞུས་ལྟར་ཞང་པོ་དང་ཁོང་གཉིས་ཀརྨ་དགོན་དུ་བསྐྱོད་ནས་འཇམ་དཔལ་དབྱངས་དང་། ཇོ་བོ་ཤཱཀྱ་མུ་ནེའི་འཁྲུངས་རབས་རྒྱས་པར་བཀོད་པའི་ཐང་ག་དང་ལྡེབས་རིས་ལ་སོགས་ཐུན་མོང་ཐོག་འབྲི་བཞེངས་བྱས། 1998ལོར་ལོ24ལ་སླེབས་པའི་བསྟན་དགས་ལྷ་མོ་བླ་མཚོ་རི་མོ་ཁང་གི་ཡོའན་ཀྲང་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱི་གདན་ཞུས་ལྟར་ལྷ་སར་རི་མོའི་བྱ་གཞག་མུ་མཐུད་དུ་གཉེར།

རྡོར་ལུགས་ཐང་ག་ཐོག་མར་ཐོན་པ།

1996ལོར་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་སྐད་གྲགས་ཆོད་པའི་བསྟན་དགའ་ངོ་ཤེས་ཤིང་། སྐབས་དེར་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་ཁྲེང་ཏུའུ་རུ་རི་མོ་ཁང་ཞིག་བཙུགས་ཡོད། ཁོང་གིས་བསྟན་དགར་ཁྲེང་ཏུའུ་རུ་མཉམ་འབྲེལ་གྱིས་བྱ་གཞག་གཏོད་པར་གདན་ཞུ་བྱས་རུང་བསྟན་དགས་ཁས་བླངས་མེད། གང་ལགས་ཤེ་ན། བསྟན་དགའ་རང་ཉིད་ཀྱི་ཕ་ཡུལ་དང་བྲལ་འདོད་མེད་པས་རེད།

1998ལོར་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་རང་ཉིད་ཀྱི་རི་མོ་ཁང་དང་སྤྱི་གཉེར་ཁང་ལྷ་སར་སྤོས་རྗེས་བསྟན་དགའ་མཉམ་ལས་བྱེད་པར་སླར་ཡང་གདན་ཞུ་བྱས།  དུས་དེར་བསྟན་དགས་ཆ་རྐྱེན་གང་ཡང་མེད་པར་ལྷ་སར་ཡོང་རྒྱུར་ཁས་ལེན་བྱས། ལོ10ལྷག་ཙམ་མཉམ་ལས་བྱས་པར་བརྒྱུད་བསྟན་དགའི་ཀརྨ་སྒར་བྲིས་ལུགས་ཀྱི་རི་མོའི་ཆུ་ཚད་ཇེ་མཐོར་སོང་། དུས་ཡུན་རིང་པོར་གནའ་བོའི་ལྡེབས་རིས་ལ་ཉམས་ཞིབ་བྱས་པ་དང་ཆབས་ཅིག་ཁོང་དང་གཉན་ཤུལ་རྡོ་རྗེ་དོན་གྲུབ་གཉིས་ཀྱིས་བཀའ་གདམས་པའི་རི་མོ་འབྲི་རྩལ་སྔོག་འདོན་བྱས་ལ་དར་སྤེལ་ཡང་བཏང་། ཉེ་བའི་ལོ་ཤས་རིང་འཚོ་བའི་ཁྲོད་ཀྱི་བུ་སྤུན་དང་བྱ་གཞག་ཁྲོད་ཀྱི་རོགས་ཟླ་ཡིན་པའི་ཁོང་གཉིས་ཀྱིས་ཀུན་གྱི་ཁྱད་ཆོས་གཅིག་ཏུ་འདུས་ནས་ལུགས་མང་སྟེ་རྡོར་ལུགས་རི་མོའི་ལུགས་གསར་དུ་བཏོད།

གནའ་བོའི་སྒྱུ་རྩལ་པ་ལས་ཚད་བརྒལ་དཀའ་བ།

བསྟན་དགས་ད་ལྟའི་བར་དུ་སྲུང་སྐྱོབ་བྱུང་བའི་ཕུལ་བྱུང་ལྡེབས་རིས་དང་ལྷག་པར་དུ་གཞིས་རྩེ་དང་མངའ་རིས་ཀྱི་ལྡེབས་རིས་ཚང་མར་ལྟ་བར་བསྐྱོད་ནས་ཉམས་ཞིབ་བྱས་ཤིང་།  དེའི་ནང་ཁོང་གིས་ཧ་ལས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་ཡུལ་ནི་དཔལ་ཆོས་དགོན་རེད།  དཔལ་ཆོས་དགོན་གྱི་ལྡེབས་རིས་འབྲི་བཞེངས་བྱས་ནས་ལོ་བརྒྱ་ཕྲག་སོང་ནའང་ཉར་ཚགས་ལེགས་པོ་བྱུང་ཡོད། རང་ཉིད་ཧ་ལས་པ་ཞིག་ནི་ལོ་བརྒྱ་ཕྲག་གོང་ང་ཚོའི་མེས་པོས་འབྲི་བཞེངས་གནང་བ་དེ་དག་ཚང་མ་རྩེར་སོན་པ་ཤ་སྟག་རེད། དེ་དག་མཐོང་སྐབས་རང་ཉིད་ཧང་སངས་ཤིང་ཡིད་དབང་རྦད་དེ་འཕྲོག་སོང་། རྩེར་སོན་པའི་ལྡེབས་རིས་དེ་དག་ནི་ཕྱི་རབས་པས་ཚད་བརྒལ་བྱ་ཐབས་བྲལ་བ་ཞིག་རེད་ཅེས་བཤད། ངས་དད་མོས་བྱེད་པ་ནི་མེས་པོའི་བློ་རྒྱ་ཡིན་ཞིང་། གྲ་ཐང་དགོན་གྱི་སྐུ་བརྙན་ལ་བསྒྲོན་པ་ནི་ཐང་གོས་དང་གོང་དཀར་དགོན་གྱི་སྐུ་བརྙན་ལ་བསྒྲོན་པ་ནི་བོད་ཆས་ཡིན་པ་དེ་ཐོག་ནས་སྒྱུ་རྩལ་ལས་སུ་ཞུགས་པའི་མེས་པོ་ཚོའི་བློ་རྒྱ་མཚོན་གྱི་འདུག  དེས་ན་ཀུན་གྱི་ཁྱད་ཆོས་གཅིག་ཏུ་འདུ་རྒྱུ་ནི་ངས་ད་བར་དུ་འབད་འབུངས་བྱེད་པའི་ཁ་ཕྱོགས་ཤིག་ཡིན་ལ་འབྱུང་འགྱུར་བརྩོན་ལེན་བྱེད་པའི་དམིགས་ཚད་ཅིག་ཀྱང་ཡིན་ཞེས་བཤད།

རང་ཉིད་ཀྱི་ལག་ནས་སྤུས་ཞན་གཏན་ནས་མི་ཐོན་པ་བྱས་པ།

བསྟན་དགས་རང་ཉིད་ཀྱི་བརྩམས་ཆོས་ལ་རེ་བ་ཤིན་ཏུ་ནན་པོ་འདོན་གྱི་ཡོད། ཕུལ་དུ་བྱུང་བ་ཞིག་ཡོང་བ་བྱ་ཆེད་ཁོང་གིས་ཟླ་བ་འགའི་རིང་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ ནས་འབྲི་བཞེངས་བྱས་པར་སྐྱོན་ཕྲན་བུ་བྱུང་བ་མཐོང་མ་ཐག་ཐེ་ཚོམ་སྤུ་ཙམ་མེད་པར་མེད་པ་བཟོ་གི་ཡོད།  དྲང་པོར་བཤད་ན་རི་མོའི་ཆུ་ཚད་མཐོ་པའི་བསྟན་དགས་བྲིས་པའི་ཐང་ག་དག་དེ་འདྲའི་ཞན་པ་མིན་མོད། དེ་ནི་ཁོ་རང་གི་བློ་ལ་མ་བབས་པས་རེད།  ཁོང་ནི་མི་དེ་འདྲ་ཞིག་རེད། རང་ཉིད་ཀྱི་བློ་ལ་མ་བབས་པའི་བརྩམས་ཆོས་ཁོང་གིས་ཁྲོམ་རའི་ཐོག་གཏན་ནས་འདོན་གྱི་མེད་ཅེས་བོད་ལྗོངས་ལྷ་མོ་བླ་མཚོ་རི་མོ་ཁང་གི་ཡོའན་ཀྲང་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་དེ་ལྟར་བཤད།

 ངའི་ཞང་པོས་རང་ཉིད་ཀྱིས་འབྲི་བཞེངས་བྱས་པའི་བརྩམས་ཆོས་ངེས་པར་དུ་རྩེར་སོན་ཞིག་དགོས།  དེ་འདྲ་མ་བྱུང་ན་ཉོ་མཁན་ལ་གནོད་རྒྱུ་རེད་ལ་རང་ཉིད་ཀྱི་མཚན་སྙན་ཡང་ཆུང་དུ་འགྲོ་རྒྱུ་རེད་ཅེས་རྟག་ཏུ་ཤོད་ཀྱི་འདུག   ཞང་པོའི་རྒྱུན་འཛིན་པ་ཡིན་པའི་ངའི་ཕྲག་སྟེང་གི་ཁུར་པོ་ནི་རི་མོའི་ལུགས་ཧྲིལ་པོའི་མཚན་སྙན་ཡིན། དེས་ན་ངས་རང་ཉིད་ཀྱི་བརྩམས་བྱར་རེ་བ་མཐོ་པོ་འདོན་གྱི་ཡོད་ཅེས་བསྟན་དགས་བཤད།

ཐང་ག་བཞེངས་པར་རིག་གནས་རྨང་གཞི་ལྡན་དགོས།

ང་ནི་དགེ་རྒན་ལ་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་རྣམ་པའི་ཐོག་ནས་གསོ་སྐྱོང་བྱུང་བ་ཞིག་ཡིན། ངས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མང་པོ་ཤེས་ཀྱི་མེད། ད་བར་ངས་འབྲེལ་ཡོད་དཔེ་དེབ་འགའ་ཞིག་བལྟས་རྗེས་ཕན་པ་མང་པོ་བྱུང་ལ་མིག་རྒྱང་རིང་དུ་ཕྱིན་སོང་། བསྟན་དགས་ད་ལྟ་རི་མོ་སྦྱོང་བཞིན་པའམ་ཡང་ན་རི་མོ་སྦྱོང་རྩིས་ཡོད་པའི་གཞོན་ནུ་ཚོས་ངེས་པར་དུ་རིག་གནས་སློབ་སྦྱོང་ཡག་པོ་དང་བོད་ཀྱི་རིག་གནས་ལོ་རྒྱུས་ཤེས་རྟོགས་མང་ཙམ་བྱེད་དགོས་ཀྱི་འདུག   དེ་འདྲ་བྱུང་ན་སླད་ཕྱིན་སྒྱུ་རྩལ་ལམ་དུ་ཞུགས་རིང་ཕན་པ་ཆེན་པོ་ཐོབ་རྒྱུ་རེད་ཅེས་བཤད།       


  • ལེ་ཚན་སྔོན་མ།:མེ་ལོང་ལས་འདས་མ་ད་གསུམ་མཐོང་བའི་སྒྲུང་པ་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:ལྷ་རིས་པ་ཆེན་མོ་ཆོས་སྐྱོང་ཚེ་རིང་མཆོག་ངོ་སྤྲོད་མདོར་བསྡུས།