ཁམས་བྲག་འགོ་རྫོང་རྡོའི་རོ་སྒམ་རིག་གནས་ལ་ཅུང་ཙམ་དཔྱད་པ།(2)
བྱང་ཆུབ་སྒྲོལ་མ་ནས། 2013-03-04
༡ མཁར་གསུམ་རྡོའི་རོ་སྒམ་གྱི་དུར་ཁྲོད།
མཁར་གསུམ་ས་ཁུལ་ནི་བྲག་འགོའི་ལྷོ་ནུབ་ཕྱོགས་སུ་གནས་ལ།དཀར་མཛེས་རྫོང་དང་ཐག་ཉེ་ལ་བྲག་འགོ་རྫོང་ནས་སྤྱི་ལེ༥༩ཡོད་པ་སྟེ་ཁྲོན་བོད་གཞུང་ལམ་འགྲིམ་གྱི་མཁར་གསུམ་མཚོའི་ཉེ་འགྲམ་ན་གནས་པ།རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི༣༥༠༠ཙམ་ཡིན།༡༩༨༤ལོའི་ཟླ༤པར་བྲག་འགོ་མཚོ་འགོ་གློག་ཚིགས་འཛུགས་སྐབས་ཆུ་ལམ་རྐོ་དུས་རྡོ་ཡི་རོ་སྒམ་རྙེད་པ།ཞིང་ཆེན་དང་ཁུལ་གྱི་རིག་དངོས་སྡེ་ཁག་གིས་དུས་ཐོག་དུ་སྲུང་སྐྱོང་བྱས་ཀྱང་།དེ་སྐབས་ཀྱི་རིག་གནས་འདི་ཡི་གཏེར་མཇོག་དང་རྟོགས་ཚད་དམའ་ལ་ཆ་རྐྱེན་ཞན་པ་ལ་སོགས་པའི་རྐྱེན་གང་མང་ཞིག་གིས།དེ་ཐོན་དངོས་རྫས་མང་ཆེ་བ་དམངས་ཁྲོད་དམ་གཏེར་རྐུན་མི་སྣ་ཡི་རུམ་དུ་སོང་ཡོད་ལ།སྲིད་གཞུང་གིས་ལག་ཏུ་ལོན་པའི་དངོས་རྫས་དག་ཀྱང་ས་གནས་གཅིག་མིན་ལ་རིམ་པ་སོ་སོ་ཡི་དངོས་རྫས་བཤམས་སྟོན་ཁང་དུ་ཡོད་པ།རྡོ་ཡི་རོ་སྒམ་རྙེད་ཀྱང་བྲག་འགོ་རྫོང་གིས་མཚོ་འགོ་གློག་གྲྭ་འཛུགས་རྒྱུ་སོགས་ཀྱི་ལས་ཀ་མཚམས་འཇོག་མ་བྱས་ལ་དངོས་རྫས་གསོགས་འཇོག་ཙམ་ལས་བྱས་མ་ཐུབ་ལ་རྡོ་ཡི་རོ་སྒམ་མ་གཞི་ལྟར་སླར་གསོ་དེ་ལས་བྱས་མ་ནུས།འདིས་ད་ལྟའི་ཞིབ་འཇུག་བྱ་བ་ལ་ཕྱོགས་གང་མང་ནས་བཀག་རྐྱེན་ཆེན་པོ་ཐེབས་ཡོད།
༡༩༨༤ལོར་མཁས་གསུམ་གློག་གྲྭ་ཆུ་རྐ་འགྲམ་ནས་རྐོ་ཐོན་བྱུང་བའི་རྡོ་ཡི་རོ་སྒམ་ནི༢༧༥ཡིན།རོ་སྒམ་ས་འོག་ནས་སྨི༡.༢ནས་༡.༨བར་གནས་ཡོད།སྤྱི་རོ་སྒམ་འདི་དག་སྒྲིག་ཚུལ་གྲ་འགྲིག་པ།རོ་སྒམ་སོ་སོ་འཕྲེད་ཞེང་གི་བར་ཚད་ཅུང་ཆུང་བ།རོ་སྒམ་དུ་སྤྱོད་པའི་རྡོ་ཚང་མ་ནག་སྐྱ་ཡིན་ཡང་རྡོ་ལེབ་འདི་དག་གི་ཆེ་ཆུང་དང་མཐུག་ཚད་མི་འདྲ་བ།རོ་སྒམ་གྱི་ཚུལ་ཡང་མི་འདྲ་བ་སྟེ་ཆ་ཚང་རྡོ་སྒམ་དང་།ཕྱེད་ཚང་རྡོ་སྒམ།རྡོ་སྒམ་མ་ཡིན་པ་གསུམ།ཆ་ཚང་རྡོ་སྒམ་ནི་འགྲམ་གཉིས་དང་མགོ་རྐང་གཉིས།ཁེབས་ལེབ་བཅས་རྡོ་ལེབ་ཡིན་པ།ཆེས་རིང་བ་ཞིག་ཏེ་སྨི༢ཙམ་ཡོད་པ།རྡོ་ལེབ་མཐུད་མཚམས་ས་འདུམ་བྱུག་ཡོད་ལ་མི་ཡིས་ལག་རྗེས་སོགས་དེད་ཡོད།རོ་སྒམ་ནང་གི་མི་རུས་ཅུང་ཆ་ཚང་ཡིན་པ།ཕྱེད་ཚང་རྡོ་སྒམ་ནི་མགོ་རྐང་གཉིས་དང་ཁེབས་ལེབ་གསུམ་པོ་རྡོ་ལེབ་ཡིན་ལ་འགྲམ་གཉིས་རྡེའུ་དང་འདུམ་ལས་རྩིག་པ།རྡོ་སྒམ་མ་ཡིན་པ་ནི་ས་དུང་དུ་རོ་བཅུག་ཡོད་པ།ན་སོན་བའི་མིའི་རོ་སྒམ་ཕལ་ཆེ་རིང་ཚད་སྨི༡.༥ནས༡.༩བར་ཡིན་ལ་ཞེང་མི་འདྲ་བ།མཐོ་ཚད༠.༦དང༠.༩ཡིན།རྐོ་འདོན་བྱུང་བའི་རོ་སྒམ༢༧༥ལ་གཞི་ན།དེ་ལས་མ་ཚང་རྡོ་སྒམ༢༡༩ཡོད།ཕྱེད་ཚང་རོ་སྒམ༤༤ཡོད།ས་དུང་རོ་སྒམ་༡༢ཡོད།དེ་ལས་བྱིས་པའི་རོ་སྒམ་༡༩ཡོད།
མཁར་གསུམ་རྡོའི་རོ་སྒམ༢༧༥ལས༡༤༨ལ་དུར་རྫས་ཡོད་པ།དུར་རྫས་གྲངས་ཀ་དང་རིགས་སྣ་ཅུང་ཉུང་བ།ཟངས་རྫས༢༤༦དང་རུས་ཆས༥༤ཐོན་ཡོད་ལ།རྒྱན་སྤྲས་ཀྱི་གཡུ།བྱུ་རུ།མགྲོན་བུ།རྡོ་ཆས(软玉和硬玉)སོགས་ཡོད།བརྟག་ཞིབ་ལྟར་ན།འདི་མ་མཐའ་ཡང་ལོ་ངོ༢༥༠༠སྔོན་གྱི་རོ་སྒམ་ཡིན།
༢བྲག་འགོ་རྫོང་ཐོག་རྡོ་ཡི་རི་སྒམ་གྱི་དུར་ཁྲོད།
དུར་ཁྲོད་འདི་ཁྱབ་རྒྱ་ཅུང་ཆེ་བ་སྟེ།ཤར་ནུབ་ཞེང་སྨི༢༠༠དང་ལྷོ་བྱང་རིང་ཚད་སྨི༡༠༠༠ཙམ་ཡོད།༡༩༥༢ལོར་བྲག་འགོ་རླངས་འཁོར་ས་ཚུགས་འཛུགས་དུས་རྡོ་ཡི་རོ་སྒམ་བརྒྱ་ལྷག་རྙེད་པ།ཟངས་ལྕགས་སོགས་ཀྱི་རྫས་དངོས་མ་རྙེད་ལ་རྡོ་ཆས་ཡོད་མེད་མི་གསལ།༡༩༨༠ལོར་བྲག་འགོ་རྒྱང་བསྒྲགས་ཅུས་སོགས་འཛུགས་དུས་རྫ་ཆས་ནག་པོ་རྙེད་ལ་ད་ལྟ་བརླག་ནས་མི་རྙེད་པ།༢༠༠༠ལོར་དམངས་འཐུས་དང་སྲིད་གྲོས་ཁང་པ་འཛུགས་དུས་རྡོའི་རོ་སྒམ༡༤རྙེད་པ།རོ་སྒམ་འདི་དག་ཁ་འཐོར་མིན་ལ༡༠༠ནང་དུ་གནས་ཡོད།བརྩེགས་པའི་རོ་སྒམ(叠葬)ཡོད་ལ་ཐོག་སྒམ་མེད་ལ་འོག་རྡོ་སྒམ་ཡིན།དེའི་ནང་རོ་མེད་རྡོ་སྒམ་ཡང་ཡོད།སྤྱིར་རོ་མེད་རོ་སྒམ༣དང་སྒམ་མེད་རོ་འཇོག་བ༤།ཆ་ཚང་རོ་སྒམ༧ཡོད།རོ་སྒམ་འདི་དག་ལས་ལྕགས་རིགས་དངོས་རྫས་གཅིག་ཀྱང་མེད་ལ་ཚང་མ་རྡོ་ཆས་ཡིན།འདི་བརྟག་དཔྱད་ལྟར་ན(西周)སྐབས་ནས་བརྒྱུད་པའི་རྡོ་སྒམ་ཡིན།
༣བྲག་འགོ་རྫོང་ནུས་ཕྱོགས་ཀྱི་རྡོའི་རོ་སྒམ་གྱི་དུར་ཁྲོད།
འདི་ནི་བྲག་འགོ་རྫོང་དུ་ཞིང་པའི་ཁང་པ་ལས་དུས་སྔ་ཞུགས་ཐ་ཐོར་ཏུ་རྙེད་པ་ཡིན་ལ་ད་བར་དུ་རྒྱ་ཁྱོན་ཚོད་དཔག་བྱས་ཐུབ་མེད།ས་གནས་འདི་བྲག་འགོ་རྫོང་ཐོག་གི་ནུབ་ཕྱོགས་ཀྱི་རི་གཤོང་དེའོ།།དུར་སྒམ་འདི་དག་ལས་དུང་།ཟངས་ཆས།རྫ་ཆས།ལྷ་སྐུ་སོགས་རྙེད་བྱུང་།བརྟག་དཔྱད་ལྟར་ན་འདི་དཀར་མཛེས་དང་ཉག་རོང་སོགས་ནས་ཐོན་པའི་དུར་སྒམ་དང་ཆ་འདྲ་བ་ལ་མ་མཐའ་ཡང་ཊྠཉཾ་དུས་རབས་ཀྱི་ཡིན།ཆེས་ཕྱི་མ་ཡང་ཧན(西汉)དུས་རབས་ལས་སྔ་བ།དུར་སྒམ་ལས་ཐོན་པའི་རྣ་གཉིས་ཅན་གྱི་རྫ་སྐྱ་དང་རྔ་བ་ས་ཁུལ་གྱི་རྡོ་ཡི་དུར་སྒམ་ལས་ཐོན་པའི་ལུག་རའི་རི་མོ་ཅན་གྱི་རྣ་གཉིས་རྫ་སྐྱ་དང་གཅིག་མཚུངས་ཡིན་པས།དུར་སྒམ་འདི་ཡི་མེས་པོ་དང་རྔ་བའི་རྡོ་ཡི་དུར་སྒམ་གྱི་མེས་བོ་བར་འབྲེལ་བ་ཆེན་པོ་ཡོད་པར་མངོན།
བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད།
བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད་ནི་བྲག་འགོ་རྫོང་ནས་ཤར་དུ་སྤྱི་ལེ༡༢ཀྱི་བ་བཏགས་གྲོང་ཚོ་ན་ཆགས་ཡོད།ཁྲོན་བོད་གཞུང་ལམ་དང་སྤྱི་ལེ་གཅིག་ཙམ་ཡོད།རྡོ་ཡི་རོ་སྒམ་འདི་དག་རིང་ཚད་སྨི༥༠༠ཙམ་དང་མཐོ་ཚད་སྨི༡༠ཙམ་གྱི་བྲག་རི་དྲང་མོ་ཞིག་ན་གནས།རོ་སྒམ་གྲངས་ཀ་བརྒྱ་ལས་ལྷག་ཡིན།རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གཏོར་བརླག་སོང་བས།ད་ལྟ་རོ་སྒམ་ཐ་ཐོར་འགའ་ལ་གཞི་ན།རོ་འཇོག་དུས་ཐོག་མ་ས་ངོས་ནས་མཐོ་ཚད༢དང༣ཙམ་ཡིན་པའི་ས་བྲག་ཏུ་དུང་དྲང་མོ་ཞིག་བརྐོས་རྗེས།མི་དེ་རུ་འཛུལ་ནས་རྡོ་ལེབ་རྩིག་པ།རྡོ་ལེབ་རྩིག་རྗེས་མི་དེ་རུ་བཅུག་ནས་རྡོ་ལེབ་ཀྱིས་ཁ་བརྒྱབ་རྗེས་ས་སོགས་ཀྱིས་སྟོང་པ་དེ་ཁ་བཀང་བ།བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད་ནས་ཅ་དངོས་ཅི་ཡང་མ་ཐོན་པས་ལོ་རབས་དུ་ཡིན་སོགས་དཔྱད་མི་ཐུབ།ས་གནས་དེ་ཡི་མི་རྣམས་ཀྱིས་སོག་པོའི་དུར་སྒམ་ཡིན་ཟེར་བ།
བྲག་འགོ་ཡི་རྡོ་ཡི་རོ་སྒམ་རིག་གནས་ཞིབ་འཇུག་ལས་ཀ་འདི་ཡིས་ལོ་རྒྱུས་རིག་པ་ཕྱོགས་ནས་བྲག་འགོ་ས་ཆ་འདི་ཡིས་ལོ་རྒྱུས་རིག་པ་ཕྱོགས་ནས་བྲག་འགོ་ས་ཆ་འདི་ཡི་མེས་པོ་སུ་ཡིན་སྐོར་གྱི་སྟོང་ཆ་ཞིག་བཀང་ཐུབ་པ་མ་ཟད།བོད་ཀྱི་ལོ་རྒྱུས་ནང་གི་སྟོང་ཆ་ཞིག་ཀྱང་བཀང་ཐུབ།དེ་ལས་ད་བར་དུ་སྙོག་དྲ་ཅུང་ཆེ་བའི་འཇང་རིགས།ཆའང་རིགས།སོག་པོ་ལ་སོགས་ཡི་མི་རིགས་མང་པོ་ཞིག་དང་བོད་རིགས་བར་གྱི་འབྲེལ་བ་སོགས་ཇེ་གསལ་དུ་གཏོང་བ་ལ་རྒྱུ་ཆ་གསར་པ་སྐྲུན་ཐུབ།ད་ལྟའི་ཁམས་ཕྱོགས་དང་མཐུད་མཚམས་ཀྱི་གཡག་རྔ།ཁྲེང་ཏུའུ་ལ་སོགས་ཀྱི་རྒྱ་ཁུལ་ན་གཏན་སྡོད་བྱེད་པའི་མི་རིགས་འདི་བོད་རིགས་ཀྱི་རྒྱུད་པ་ཡིན་མིན་གྱི་དཔྱད་གཞི་གསར་པ་ཞིག་ཀྱང་འདོན་བྱུང་།སྟོན་པ་གཤེན་རབས་དང་གདོད་མའི་བོན་ཆོས་ཀྱི་ལོ་རྒྱུས་སྐོར་ལ་དཔྱད་གཞི་རྒྱུ་ཆ་གསར་པ་འདོན་བྱུང་།ཞང་ཞུང་།མི་ཉག་སོགས་ཀྱི་ལོ་རྒྱུས་དང་སྲོང་བཙན་སྔོན་གྱི་བོད་ཡིག་ཞིབ་འཇུག་ལ་རྒྱུ་ཆ་གསར་པ་འདོན་ཡོད།