ཕྱག་ཕྲེང་རྫོང་ཁོངས་སྤེ་ཞོལ་བསམ་གཏན་རི་ཁྲོད་ཀྱི་བཤད་གྲྭའི་བྱུང་བ་རགས་བསྡུས།

དཔལ་ལྡན་ལེགས་བཤད།        2013-03-04

ཐུགས་བསྐྱེད་དུས་སྨིན་ཨོ་རྒྱན་མཁན་པོ་དང་། །
དེ་སྤྲུལ་གཏེར་ཆེན་པདྨ་ཆོས་ལེགས་ཟུང་། །
མཐའ་འཁོབ་སྐྱེ་བོར་ཐུགས་རྗེའི་དཔལ་འབར་བའི།།
སྙན་གྲགས་ཐ་གྲུར་ཁྱབ་པའི་གཏན་ཚིགས་སྤྲོ། །
  འདིར་སྨད་མདོ་ཁམས་སྒང་དྲུག་ལས་སྤོ་འབོར་སྒང་གི་ཆར་གཏོགས་ད་ལྟའི་དུས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱག་ཕྲེང་རྫོང་ཞེས་འབོད་པའི་ཁོངས། སློབ་དཔོན་པདྨའི་གཏེར་རོང་དུ་གྲགས་པའི་ཡུལ་དང་རི་འབྲེལ་སྒང་གཤིབས་སུ་ཡོད་ཅིང་ཁམས་ཀྱི་གོ་བོ་དགོན་པའི་ཤར་ངོས་སུ་ཆགས་པའི་སྤེ་ཞོལ་ཟེར་བའི་ས་ཆ་དེར། ཉེ་རབས་སུ་སྐུ་འཁྲུངས་པའི་ལུང་ཟིན་གྱི་གཏེར་ཆེན་རིག་འཛིན་པདྨ་ཆོས་ལེགས་སམ་སྦུངས་རིན་པོ་ཆེ་ཞེས་གྲུབ་པའི་སྐྱེས་ཆེན་དམ་པ་དེའི་བྱིན་རླབས་ལ་བརྟེན་ནས་སྤེ་ཞོལ་བསམ་གཏན་རི་ཁྲོད་ཆགས། རི་ཁྲོད་དེར་བཤད་གྲྭ་བྱུང་བའི་ལོ་རྒྱུས་ནི་ཁམས་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཁམས་སུ་རིག་གནས་དར་ཚུལ་གྱི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཡིན་ན་ཡང་ད་ལྟར་དེའི་ལོ་རྒྱུས་བཀོད་པའི་ཡིག་ཆ་མ་མཐོང་བས་སྐབས་འདིར་བདག་གིས་ཡིད་ཆེས་རུང་བའམ་བཤད་གྲྭ་དེར་དངོས་སུ་ཞུགས་མྱོང་བའི་བགྲེས་སོང་དག་ལས་ཐོས་ཚད་སྙིང་པོའི་ཚུལ་དུ་རགས་བསྡུས་བྱས་ན། བདེ་ཆེན་བོད་རིགས་རང་སྐྱོང་གྱི་ཁོངས་གཏོགས་གཏེར་རོང་ཞེས་པའི་ཡུལ་གྱི་ཆའི་སྦུངས་གྲོང་དུ་སློབ་དཔོན་པདྨའི་རྣམ་འཕྲུལ་གཏེར་སྟོན་ཆེན་པོ་རིག་འཛིན་པདྨ་ཆོས་ལེགས་མཆོག་སྐུ་བལྟམས་པ་དང་དེས་གཏེར་བཞེས་པ་སོགས་ཀྱི་རྣམ་ཐར་ནི་རྣལ་འབྱོར་པདྨ་བསྟན་འཛིན་གྱིས་མཛད་པའི་ཡིག་ཆར་གསལ་བས་དེར་གཟིགས། སྐྱེས་ཆེན་དེ་ཉིད་ཀྱི་གདན་སའི་བྱེ་བྲག་སྤེ་ཞོལ་བསམ་གཏན་རི་ཁྲོད་ན་བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་དུ་བྱུང་བ་ལས་འདིར་བཤད་གྲྭའི་སྐོར་ཅུང་ཟད་འགོད་རྒྱུ་ཡིན།
༡ ཆོས་འཆད་པ་པོ་སློབ་དཔོན།
  བཤད་གྲྭ་དེའི་ཆོས་འཆད་པ་པོ་སློབ་དཔོན་ནི། གཙོ་བོ་རིག་འཛིན་པདྨ་ཆོས་ལེགས་མཆོག་དང་སྤྲུལ་སྐུ་སྙན་གྲགས། སྤྲུལ་སྐུ་དབང་འདུས་གསུམ་པོ་ཡིན། སྤྲུལ་སྐུ་རྣམ་གཉིས་ནི་སྐུ་མཆེད་ཡིན། དེ་རྣམ་གཉིས་ཀྱི་ཡབ་ཡུམ་གྱི་མཚན་ནི། རིག་འཛིན་པདྨ་ཆོས་ལེགས་ལ་མཁའ་འགྲོ་མ་རྒྱན་ཅན་ཞིག་གིས་ཕ་ནི་ཨ་དང་མ་ནི་བྱམས། ཞེས་ཞལ་ནས་གསུངས་བཞིན་ཕྱག་ན་བསྣམས་པའི་མདའ་དར་དེ་ཁོང་གི་དབུ་སྔས་ལ་བཙུགས་པའི་གཟིམ་ལམ་ཞིག་བྱུང་བ་ལྟར་དུ་ཡབ་ཨ་ཚོགས་དང་ཡུམ་བྱམས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ཡུལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འབྲི་ཆུའི་རྒྱུད་ཀྱི་ཏཱ་ཧོར་ཡིན། ཡབ་ཨ་ཚོགས་ཀྱི་བསམ་གཏན་རི་ཁྲོད་དུ་ཡོད་པའི་དགེ་ཕྲུག་རྣམས་ལ་དགོང་མོའི་དུས་སུ་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དང་། རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། པདྨ་བཀའ་ཐང་ཡིག་སོགས་གསུངས་སྲོལ་ཡོད། སྤྲུལ་སྐུ་གཉིས་པོས་གཞུང་ལ་ཐོས་བསམ་མཛད་ས་ནི། འབའ་ཐང་རྫོང་ཁོངས་ཀྱི་གླིང་གཤིས་སྤྲུལ་སྐུ་མི་འགྱུར་མཆོག་གི་རྒྱུད་གྲྭ་ནང་ཡིན། མི་འགྱུར་རིན་པོ་ཆེན་ནི་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་ཆེན་ཞིག་རེད། ཁོང་གི་མདུན་ལ་ལོ་གསུམ་བཞུགས་ནས་རིག་འཛིན་པདྨ་ཆོས་ལེགས་ཀྱི་བཀའ་ལྡོག་མ་ནུས་པར་མར་སྤེ་ཞོལ་བསམ་གཏན་རི་ཁྲོད་དུ་གདན་ས་འཇགས་པ་ཡིན། སྤུན་ཆེ་བ་དབང་འདུས་མཆོག་ནི། བྲིས་དང་དག་སྡེབ། སྨན་རྩིས་ནང་དོན་རིག་པ་བཅས་ལ་མཁྱེན་རྒྱ་ཆེ། འོན་ཀྱང་སྤེ་ཞོལ་ལ་སླེབས་ཚུན་གྲུབ་སྤྱོད་ལྟ་བུ་མཛད། སྤྲུལ་སྐུ་བསོད་ནམས་སྙན་གྲགས་ཀྱི་མཚན་ལ་དགེ་ལེགས་དཔལ་འབར་ཡང་ཞུ། ཁོང་ནི་སྒར་རྗེ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་གྱིས། ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས་དབང་སྐུ། །
སྙན་དབྱངས་གྲགས་བརྟན་འཇིགས་བྲལ་གླིང་པའི་གསུང་། ། གྲུབ་དབང་རྒྱལ་སྲས་ཉི་མ་འོད་ཟེར་ཐུགས། ། དགེ་ལེགས་དཔལ་འབར་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་དཔྱོད་ཡངས་པ་མ་ཟད། ཞི་དུལ་དགེ་སྦྱོང་གི་ཚུལ་ཅན། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།
  རི་ཁྲོད་དེར་བཞུགས་པའི་རྩིས་པ་སྐད་གྲགས་ཆེ་བ་ནི། རིག་འཛིན་པདྨ་ཆོས་ལེགས་དང་། སྤྲུལ་སྐུ་སྙན་གྲགས། སྤྲུལ་སྐུ་དབང་འདུས། སྤེ་ཞོལ་སྟེང་འབུམ་མགོན་བཞི་ཡིན། གསོ་རིག་ལ་མཁས་པ་ནི། སྦུངས་རིན་པོ་ཆེ་དང་། སྤྲུལ་སྐུ་དབང་འདུས་། སྤྲུལ་སྐུ་དཔལ་ལྡན་རྣམ་གསུམ་ཡིན།
༢  གང་བཤད་པར་བྱ་བའི་ཆོས།
 རི་ཁྲོད་དེར་སྤྱིར་མདོ་སྔགས་གཉིས་ཀའི་ལུས་ཚང་བའི་འཆད་ཉན་ཡོད་ལ། བྱེ་བྲག་ཏུ་བྲིས་དག་ཡིག་རྩོམ་འབྲི་སྨན་རྩིས་སོགས་ནས་འགོ་བཟུང་སྟེ། པཎ་ཆེན་བི་མ་ལ་མི་ཏྲའི་གསུང་སྐྱབས་འགྲོ་ཡན་ལག་དྲུག་པ་དང་། སྡོམ་གསུམ་རྣམ་ངེས། སྤྱོད་འཇུག་ཆེན་མོ། དབུ་མ་རྒྱུན། དབུ་མ་འཇུག་པ། རྒྱུད་བླ་མ། ཡོན་ཏན་མཛོད། རྒྱུད་གསང་བ་སྙིང་པོ་སོགས་ནི་གང་བཤད་པར་བྱ་བའི་ཆོས་གཙོ་བོ་ཡིན་ནོ། །
  ༣  ཆོས་ལ་ཐོས་བསམ་བྱེད་པའི་སློབ་མ།
   སློབ་མ་ལ་ཕྱོགས་སོ་སོ་ནས་འདུས་པའི་དད་ལྡན་ཆོས་འབྲེལ་ཐོགས་ཙམ་པ་མང་ཡང་། བསྟན་འགྲོའི་དོན་ཆེན་ཕེར་བའི་སློབ་མ་གཙོ་བོ་ནི། ཁམས་ཀྱི་གོ་བོ་དགོན་པའི་སྒར་རྗེ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན། དཔལ་འབར་དགོན་པའི་སྤུན་གསུམ་སྤྲུལ་སྐུ། སྤེ་ཞོལ་གད་སྟེང་སྤྲུལ་སྐུ། གཏེར་རོང་བྱང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ། འདབ་པ་མཁས་གྲུབ། ཚ་བ་རོང་བ་ཤེས་རབ། པདྨ་ཆོས་འཛིན། གཅོད་པ་དཔལ་ལྡན་གྱི་ཡང་སྲིད་དབྲི་བ་སྤྲུལ་སྐུ་ཆོས་གྲགས། གོ་དགོན་སྤར་མཁན་སྤྲུལ་སྐུ་དྲིན་ཆེན་ཀརྨ་ལེགས་གྲུབ་སོགས་སོ། །
   ༤ བཤད་གྲྭ་དེའི་བསྟན་པའི་རྒྱུན།
བསམ་གཏན་རི་ཁྲོད་དུ་བར་ལམ་ཞིག་ཏུ་འཆད་ཉན་གྱིས་གཙོས་པའི་བསྟན་པའི་བྱ་བ་རྒྱ་ཆེར་འཕེལ་ཞིང་། སྙིང་པོའི་དོན་ལ་སྒོམ་སྒྲུབ་མཛད་མཁན་མང་པོ་ཐོན། བསྟན་པའི་ཆག་སྒོ་ལྟ་བུར་རིག་འཛིན་ཆེན་པོ་དགུང་དུ་གཤེགས་པའི་རྗེས་སུ་དམ་སྲིའི་དབང་གིས་རྒྱལ་ཐང་བྱེ་རུ་གྲྭ་ཚང་དང་བསམ་གཏན་རི་ཁྲོད་གཉིས་འཁོན་འགྲས་ཇེ་ཆེར་ཕྱིན། དེ་ནས་བསྟན་འཛིན་ཆེན་པོ་དབང་འདུས་དང་བསོད་ནམས་སྙན་གྲགས་གཉིས་སྔ་རྗེས་སུ་ཞག་གསུམ་ལས་མ་འགྱངས་པར་སྐུ་ཡི་བཀོད་པ་བསྡུས། དེ་དུས་དབང་འདུས་ལགས་དགུང་ལོ་བཞི་བཅུ་ལྷག་ཙམ་དང་། སྙན་གྲགས་རིན་པོ་ཆེ་དགུང་ལོ་སུམ་ཅུ་ས་བདུན་བརྒྱད་ཙམ་ཡིན། དེ་ནས་མི་རིང་བར་གཡོན་ཐལ་བསམ་པའི་རླབས་རྒྱུན་གྱི་ཤུགས་རྐྱེན་འོག་བསྟན་པའི་རྒྱུན་ཆད་ལ་ཁད་པ་ཙམ་དུ་གྱུར། ཆོས་སྒོ་གསར་དུ་ཕྱེ་དུས་ཁམས་ཀྱི་གོ་བོ་དགོན་པ་དང་། གཏེར་རོང་ཡོན་ཏན་དགོན་པ་གཉིས་སུ་དྲིན་ཆེན་ཀརྨ་ལེགས་གྲུབ་དང་། བྱང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཤད་གྲྭ་དེའི་དོན་གྱི་བརྒྱུད་པ་མ་ཆད་ཙམ་བྱུང་། གཞུང་ཆེན་པོའི་འཆད་ཉན་གྱི་རྒྱུན་ནི་ད་ལྟ་མེད་དོད། །
   ༥  ཞར་བྱུང་གཞན་གྱི་གླེང་འཕྲོས།
  སྤེ་ཞོལ་ཟུར་འགོ་དགོན་པ་དང་བསམ་གཏན་ཁརི་ཁྲོད་གཉིས་ཀྱི་འབྲེལ་བ། རིན་ཆེན་གཏེར་མཛོད་སོགས་བཀའ་གཏེར་ཟབ་ཆོས་ཇི་སྙེད་ཀྱི་དབང་ལུང་གི་ཆར་ཕབ་ཚུལ། མི་འགྱུར་རིན་པོ་ཆེ་སོགས་ཡུལ་གཞན་གྱི་སྐྱེས་ཆེན་དམ་པ་མང་པོས་རི་ཁྲོད་དུ་ཞབས་ཀྱིས་བཅགས་ཚུ། དགོན་པར་ཟོར་འཆམ་མཛད་དེ་གསང་སྔགས་ཀྱི་ཆེ་བ་ངོམས་ཚུལ། ཆོས་སྡེ་དེར་སྨྱོ་ཤུལ་ལུང་རྟོགས་དང་། ཏཱ་ཧོར་གྲུབ་ཆེན་འགྱུར་མེད་ཡེ་ཤེས་རྡོ་རྗེ། གླིང་གཤིས་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་སོགས་བརྒྱུད་པ་མང་པོའི་ལུགས་ཀྱི་མན་ངག་རྫོགས་པ་ཆེན་པོའི་ཁྲིད་ཁའི་སྙིང་པོ་འདུས་ཚུལ། མཁའ་འགྲོ་མ་ཨ་གཡུང་སོགས་རྣལ་འབྱོར་མའི་རྟོགས་པ་ངོམས་ཚུལ་བཅས་ནི་གཞན་ལས་ཤེས་པར་བྱའོ། ། རབ་རྒྱན་ལྕགས་སྦྲུལ་ཟླ༨པའི་ཚེས་༥ཉིན། ༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།:ཁམས་བྲག་འགོ་རྫོང་རྡོའི་རོ་སྒམ་རིག་གནས་ལ་ཅུང་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གསང་གི་མ་ཎི་རྡོ་མཁར