ཉག་རོང་གི་མཚོ་ཁ་ཨཱརྱ་གླིང་གི་ལོ་རྒྱུས་མདོར་བསྡུས།
མཁན་པོ་སྐལ་བཟང་མགོན་པོ། ༢༠༠༢ལོའི་དེབ་དང་པོ་ལས་བདམས། 2013-02-28
སྐུ་བཞི་མངོན་གྱུར་སྟོན་པ་རྫོགས་སངས་རྒྱས། །
བདེན་བཞིན་ལམ་བཟང་བསྟན་ལ་དམ་པའི་ཆོས། །
རྒྱུ་བཞི་སྨིན་མཛད་འདྲེན་ལ་དགེ་འདུན་ཏེ། །
བདུད་བཞི་གཡུལ་ལས་དཀོན་མཆོག་རྣམ་གསུམ་རྒྱལ། །
རྨད་བྱུང་ཐུགས་བསྐྱེད་རིན་ཆེན་ནོར་འཛིན་ལ། །
ཚོགས་གཉིས་ཆུ་གཏེར་འཁྱིལ་བ་ལས་ཐོན་པའི། །
སྐུ་བཞི་བང་རིམ་ཕྲིན་ལས་གཟི་འོད་ཅན། །
ཐུབ་དབང་འགྲོ་བའི་བླ་མ་ཕྱག་གི་གནས། །
རྒྱལ་དབང་པདྨ་ཀ་རའི་སྦས་པའི་གནས། །
ངོ་མཚར་འབུམ་ལྡན་གསོམ་ཤུག་སྤོས་ཤེལ་འདི། །
དད་གསུམ་དྭངས་བའི་རི་དྭགས་མིག་ཅན་ལ། །
ཆོས་ཀྱི་འབྱུང་གནས་གཙུག་རྒྱན་ཁོ་བོས་འདོགས། །
ཞེས་མཆོད་ཚིག་འགའ་ཞིག་གིས་མདུན་བསུས་ཏེ་བརྗོད་པར་བྱ་བ་ནི་ཆེས་སྔ་བའི་ཉག་གླིང་རྟེན་གསུམ་གྱི་ཡ་གྱལ་དུ་མཚོ་ཁ་ཨཱརྱ་གླིང་ནི། མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བཀའ་བརྒྱུད་དགོན་པ་ཞིག་ཡིན། རྒྱ་མཚོ་ངོས་ནས་ཆ་སྙོམས་ས་ཁད་མཐོ་ཚད་སྨི་སུམ་སྟོང་ལྷག་ཙམ་གྱི་གསེར་ལྡན་ཉག་ཆུ་དལ་བབས་ཀྱི་ནུབ་རྒྱུད་ལེ་དབར་འགའ་འདས་ནས་མཚོ་ཁ་ཨཱརྱ་གླིང་ཞེས་མཚན་དོན་མཐུན་པའི་ཞིང་མཆོག་སྟེ་ཐོས་ན་སེམས་སྤྲོ་བ་མཐོང་ན་ཡིད་དགའ་བ་ལྗོན་པ་དང་ལྗོན་ཤིང་གི་ལོ་འདབ་རྒྱས་པ་སྤོས་ངད་སྨན་གྱི་ནགས་ཚལ་ཕྱོགས་མཚམས་སུ་དྲ་བ་སྒྲོལ་བ་གཡའ་སྤོས་སྤང་སྤོས་སོགས་དྲི་བཟང་ཐུལ་ལེ་བྲོ་བ་སྒྲུབ་ཕུག་དང་ཀེའུ་ཚང་གནས་པ་ནགས་ཀླུང་ཚང་ཚིང་ན་རྒྱུ་བའི་གཟན་གཟན་སྣ་ཚོགས་རྩེ་འཇོ་ལ་གཡེངས་བའི་གནའ་བ་གླ་བ་ར་རྒོད་རི་བོང་སོགས་ཇི་སྙེད་ཡོད་པ་མཁའ་ལྡིང་གཤོག་རྩལ་ངོམ་པའི་བྱ་ཆེན་དང་བྱ་ཕྲན། འགྱུར་ཁུག་དབྱངས་སྙན་འབྱིན་པའི་ཁུ་བྱུག་དང་འཇོལ་མོ། གསོལ་འདེབས་འབྱིན་པའི་བྱེའུ་བྱ་ཝང་དཀར་པོ་སོགས་དང་ཁོ་ར་ཁོར་ཡུག་ན་མཚོ་དང་མཚེའུ་ལ་མ་ལྟེང་ཀ། ནེའུ་གསེང་སྤང་ལྗོངས་གཡུ་ཡི་མཎྜལ་ལྟ་བུ་ལ་མེ་ཏོག་ཨུཏྤལ་དང་པདྨ། སྤང་རྒྱན་དྲི་ཤང་སེར་ཆེན་སེར་ཆུང་ཚོམ་བུ་བཀོད་པ་ལྟར་ལས་སྨན་གྱི་བསུང་ཞིམ་ཀུན་ནས་ལྡང་བ་སྐབས་གསུམ་སྐྱེད་མོས་ཚལ་ལྟ་བུ་ངོ་མཚར་བསམ་བརྗོད་ལས་འདས་ལགས། ལན་གཅིག་མཇལ་ཏེ་དད་པ་དབང་མེད་འཁྲུངས། ཕྱག་གཉིས་ཐལ་སྦྱར་དང་བས་ཕྱག་འཚལ་ཞིང་། །
སྐབས་གསུམ་སྐྱེད་མོས་ཚལ་ལྟར་ཉམས་དགའ་བའི། །
ཕྱོགས་བཞི་གནས་འདིར་གཟིགས་སྐོར་ཅིས་མི་མཚར། །
སྐབས་ཀྱི་ཚིགས་སུ་བཅད་པའོ། །
གྲུབ་པའི་དབང་ཕྱུག་ཐར་པ་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་མཇུག་ཙམ་ལ་སྐུ་འཁྲུངས་ཤིང་རྗེ་ཉིད་ཀྱི་མདོ་རྒྱུད་མན་ངག་དང་བཅས་པ་གང་་གསན་པ་ཐམས་ཅད་གདུལ་བྱ་སོ་སོའི་མོས་སྐལ་དང་འཚམ་པར་དབང་ལུང་ཁྲིད་གསུམ་གྱིས་རྒྱུན་བསྐྱངས་པས་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡོངས་རྫོགས་གཞིར་བཞེངས་སུ་བསླངས། སྐྱེ་འགྲོ་རྣམ་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད་དེ་ཁམས་ཕྱོགས་སུ་བཞུད། གནས་ངེས་མེད་དུ་ཀུན་སྤངས་བྱ་བཏང་གི་མཛད་པས་འགྲོ་དོན་ཕྱོགས་མེད་བསྐྱངས་ཏེ། ནམ་ཞིག་ན་རིང་ལའི་ཆུ་སྒོར་ཕེབས་པ་ན་གཞི་བདག་སྐྲག་ཤད་ནག་པོའི་ཕོག་ཐུག་གིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ། བྲག་ལ་རྒྱབ་བརྟེན་ནས་ཅུང་ཟད་བཞུགས། ལྟ་སྟངས་མཛད་དེ་ཆོ་འཕྲུལ་ཞི། དེང་སང་ཡོངས་གྲགས་ལ་རྒྱབ་དང་གྲུ་མོ་བཅས་མཇལ་དུ་ཡོད། དེ་ནས་སྙུག་གོག་མཚོ་འགྲམ་ཕེབས་པ་ན། ནག་ཕྱོགས་གཞི་བདག་ཀླུ་རིས་གདུག་རྩུབ་ཅན་རྣམས་ཀྱིས་གློ་བུར་དུ་ལྷ་ལམ་ངོགས་སུ་མཁའ་གླང་སྤྲིན་གྱིས་གཡོགས། དབྱར་སྐྱེས་རྔས་གནམ་ས་གཡོ་ནུས་ཙམ་གྱི་སྒྲ་གྲགས། རི་འཇོམས་གྱིས་བྲག་བསྙིལ། ཆོ་འཕྲུལ་ཅི་མང་བསྟན། ཐར་བས་ནམ་མཁའ་ལ་སྡིགས་མཛུབ་གཏད་དེ། ཆོ་འཕྲུལ་རྣམས་རིམ་གྱིས་ཞི་ནས་སྤྲིན་རྣམས་དྭངས། ནམ་མཁའ་གཡའ་དག་ནས་ཉི་མ་ཤར་བ་བྱུང་། མཚོ་གཏེར་ནམ་མཚོ་ཕུད་དེ་བཞེས་ཏེ་དྲེའུ་བཀལ་ནས་ལམ་དུ་བཞུད། ཉག་ཆུ་འགྲམ་དུ་ཕེབས་གྲུ་ཟམ་གང་ཡང་མེད་པས། རྫུ་འཕྲུལ་གྱིས་ཆུ་བཅད་ནས་ཕེབས་པ་ན། ཆུ་གཏིང་ལ་འཛམ་གླིང་ཆུ་གསེར་སིལ་མ་ཡོད་པ་བླངས། རྨ་རི་དྲེའུ་ཡི་སྒལ་པ་ནས་རྔུལ་ཆུ་འཛགས་བྱུང་བས། རྔུལ་འབྱིན་གདོང་ཟེར་སྐད། དེ་ན་ཐར་བའི་ཞབས་རྗེས་མཇལ་དུ་ཡོད། སྦྱིན་ཡིན་ཕེབས་ཏེ་ཆུ་ཐིགས་ཤིག་ཟགས་དེ་ལ་སྦྱིན་པ་ཡིན་གསུངས། ཡུལ་སྐད་དུ་སྦྱིན་ཡིན་ཟེར་ད་ལྟའི་བར་དུ་སྐད་ཟུར་མ་ཆགས་པ་ཡོད། ཆུ་ཐིགས་ཟགས་ཤུལ་ན་མཚེའུ་ཞིག་ཡོད་བྱེ་སྒྲུག་མཚོ་ཕྱུངས་ནས་བདུན་ཕྲག་ཅིག་བཞུགས། གཡོན་ཕྱོགས་སུ་བཞུད་ནས་ཁྱིམ་དུ་བཅུག་འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། ཀླུ་བདུད་གདུག་པ་ཅན་རྣམས་དམ་ལ་བཏགས་ཏེ་མནན། སྟེང་དུ་ལྷ་ཁང་བཏབ་ཐར་པ་རྒྱལ་མཚན་གྱིས་ཀ་རིང་མ་ལྕག་གིས་བསྐུལ་ཏེ་སྔོན་དུ་དྲུངས། ཀླུ་ཡི་གཏེར་སྲུང་རྣམས་ཀྱིས་གསེར་ཏོག་ཕུལ། ལྷ་ཁང་རྙིང་པའི་ནུབ་ཀྱི་གྱང་ངོས་སུ་ལྷ་རིས་སོགས་ནི་མ་བྱིས་བ་མཇལ་དུ་ཡོད། གནས་ཀྱི་བཤད་པ་ཅུང་ཟད་བྱས་ན་སྐུ་ཡི་མགོན་པོ་སྡེར་ཆགས་ཀྱི་རྒྱལ་པོའམ་སེང་གེ་འགྱིང་འདྲ། གསུང་གི་མགོན་པོ་སྲས་ཀྱི་མཆོག་གམ་རྡོ་རྗེ་བེར་ནག་ཐུགས་ཀྱི་མགོན་པོ་ཤམ་ཁ་པ་ལ་སྟེ་དགེ་བསྙེན་དུང་སྐྱོང་། ཕྱི་ལྟར་སྤྱན་རས་གཟིགས་ཀྱི་གནས། ནང་ལྟར་མགོན་པོ་འོད་དཔག་མེད་པའི་གནས། ཉག་ཆུ་ལས་བཞེས་པའི་ཆུ་གསེར་དེས་དགོན་གནས་དེ་ཉིད་དུ་ལྷ་ཁང་སྟེང་འོག་ཀུན་ལ་ལྷ་ཁྲུས་གསོལ་སྐབས་འཇའ་འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པ་བྱུང་ངོ་། ། ལྷག་མ་གྱང་ལ་བྱུགས། གསང་ལྟར་རྟ་ཕག་ཡབ་ཡུམ་གྱི་གནས། གཡས་ཕྱོགས་ན་རྡོ་རྗེ་གཡུ་སྒྲོན་གྱི་རྫོང་། དཔལ་བཟང་བཅུ་གསུམ་གྱི་སྒྲུབ་ཁང་སྒྲུབ་ཕུག་ངོ་མཚར་བ་ནི་ནང་ན་ཆུ་དང་སྦྱེ་བུ་སྣ་གསུམ་པ། རྔ་གདག་བྱའི་རྣོ་མཆུ་བུ་ག་ཡོད་པ། གཡོན་ཕྱོགས་ན་རྗེ་བཙུན་སྒྲོལ་མའི་གནས་རང་བྱོན་འཁར་རང་བྱོན་ཆོས་དུང་རང་བྱོན་ཐོག་མ་མཚོ་ཕྱུང་ས་ན་ཤེལ་ཕ་བོང་འོད་འཆར་བ། གཞན་མཚོ་ཕུག ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། པདྨ་བདུད་འདུལ་གྱིས་རྗེ་བཙུན་སྒྲོལ་མ་ཞལ་གཟིགས་སྐབས་ཕྱག་བཙལ་དེ་པུས་མོ་མན་གྱི་རྗེས། གཡའ་འདབ་ན་དྲེའུ་ཡི་ཞབས་རྗེས་དཀྱིལ་ན་མཁའ་འགྲོ་བརྡ་ཡིག་ཡོད་པ། བེེ་རོའི་ཞབས་རྗེས་འབུར་མ། ཐར་པ་ཀླུ་མོའི་ཕུལ་བའི་གསེར་ཏོག གཞན་མཚམས་ཕུག་ཞབས་རྗེས་ཕྱག་རྗེས་དྲེའུ་ཡི་ཞབས་རྗེས་སོགས་དེ་རྣམས་མཐོང་ཆོས་སུ་ཡོད་ལགས། མཚོ་གནས་ཡོན་ཏན་ནི། སི་ཏུ་པཎ་ཆེན་གནས་བསྟོད་ལས། ཁྱད་པར་དབུས་སུ་གདན་འཁྱིལ་ཆུ་མཚོ་ནི། ངེས་པའི་དོན་དུ་དགྱེས་མཛད་ཧེ་རུ་ཀོའི།།དཀྱིལ་འཁོར་ཆེ་དང་གཉིས་སུ་མ་དམིགས་ཀྱང་། རྣམ་པར་རྡོ་རྗེ་བེར་ནག་སྣང་བརྙན་ཚུལ། གསལ་བ་སྣང་བས་ནག་པོ་ཆེན་པོ་ཡི། ། ཕོ་བྲང་ཉིད་གྱུར་ཐུན་མོང་ཕལ་གྱི་ངོར། དགེ་བསྙེན་ཆེན་པོ་དུང་སྐྱོང་བུས་བརྟེན་པ། ། སྙིང་པོའི་གནས་སུ་ཤེས་པ་ལན་བརྒྱ་བསྔགས། །ཞེས་གསུངས་པ་ལྟར་ལྷ་ལམ་ངོགས་སུ་སྤྲིན་གྱིས་མ་བསླད་པའི་སྐབས་སྔོ་མེར་འཁྱིལ་བའི་ནང་མཚོ་གནས་རིགས་མཚོ་གླང་ཉ་དབྱིབས་ཅན་མཆེ་བ་རིང་པོ་གཉིས་ཡོད་པ་མྱུར་མགྱོགས་ཅན་བ་གླང་གི་དབྱིབས་འདྲ་བ་དེ་ནི་མཚོ་གཟིག་ཡིན་སྙམ། གཞན་མཚོ་རྟ། མཚོ་ལུག ཉ་སེར་པོ་གསེར་ལྟར། ཉ་དམར་པོ། འབྲུག་དང་སྐུ་ཡི་སྣང་བརྙན་སོགས་མཇལ་པ་ཡང་མང་ལ་མཚོ་ཡི་ཆེ་ཆུང་མཐའ་ནས་འཇལ་ན་སྨི་དགུ་བརྒྱ་བདུན་ཅུ་ཡོད།
གང་ཞིག་གནས་ཀྱི་ཟླ་བའི་མ་མ་ལས། །
བྱུང་བའི་གནས་ཡིག་བདུད་རྩི་ཆར་ཟིམ་འདིས། ། དད་གསུམ་དགེ་བའི་ཆུ་སྐྱེས་རབ་བཀྲ་བ། ། ཡངས་པའི་སྐྱེས་ཀུན་རྒྱས་པའི་སྨན་གྱུར་ཤོག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རབ་བྱུང་དྲུག་པའི་ནང་གྲུབ་བརྙེས་དབང་ཕྱུག་ཐར་པ་རྒྱལ་མཚན་གྱིས་ཞབས་ཀྱིས་བཅགས་ཚུལ་དང་ལྷ་ཁང་བཏབ་པ་སོགས་གོང་སྨྲས་བཞིན་ནོ། །སྐུ་ཚེ་ཧྲིལ་པོ་འདི་ཉིད་དུ་བཞུགས། མཐར་གཟུགས་སྐུ་བཀོད་པ་ཆོས་ཀྱི་དབྱིངས་སུ་ཉེ་པར་བསྡུ་བའི་ཚུལ་བསྟན་གསེར་དངུལ་གྱི་མཆོད་སྡོང་བཞེངས། རྗེས་ཡུལ་སྡེ་འཁྲུགས་སྐབས་སྡིགས་ཏོ་ཅན་ཁང་ཀག་དངོས་གྲུབ་ཕུན་ཚོགས་ཀྱིས་བཅོམ་ནས་གསེར་དངུལ་འཁྱེར། གདུང་རུས་མ་གཏོགས་མ་བཞག དེ་ནས་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་མཆོག་ནི་རབ་བྱུང་བདུན་པའི་མེ་སྤྲེལ་ལོར་སྐུ་འཁྲུངས། རིས་མེད་ཀྱི་འགྲོ་དོན་རྒྱ་ཆེན་པོ་བསྐྱངས་ཏེ་མེ་འབྲུག་ལོར་ཨཱརྱ་གླིང་དུ་ཞབས་ཀྱིས་བཅགས། ས་བྱིན་གྱིས་བརླབས་དབང་ལུང་ཁྲིད་གསུམ་གྱིས་སྨིན་གྲོལ་གྱི་ལམ་ལ་བཀོད་དགུང་གྲངས་སོ་ཅུ་རྩ་བརྒྱད་པ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ།
ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་ནི་རབ་བྱུང་བརྒྱད་པ་ཤིང་ཕོ་ཁྱི་ལོར་ཏྲེ་ཤོད་ཁང་དམར་དུ་སྐུ་འཁྲུངས། འདྲུ་དང་མི་ཉག རབ་སྡེ། ཚར་སྒང་། ཉག་རོང་བ་མགོ་ལོག་མ་ཁྲོམ་སོགས་སུ་འཁྲུགས་པ་བསྡུམས་ནས་ལྕགས་མོ་ཡོས་ལོར་མཚོ་ཁ་ཨཱརྱ་གླིང་དུ་ཕེབས་ཏེ་ཡུན་རིང་བཞུགས་ཤིང་རྡོ་རྗེ་བེེར་ནག་སྐུ་ཉིད་ཀྱིས་ཕྱག་བཟོ་མཛད། ཆོས་འཁོར་རྒྱས་པ་གསུངས། ཉམས་པ་རྣམས་སླར་གསོས། དགུང་གྲངས་ལྔ་བཅུ་རྩ་གཉིས་ལ་སྐུ་མྱ་ངན་ལས་འདས་ཚུལ་བསྟན།
ལྕགས་མདུད་ཤེས་རབ་རྒྱལ་མཚན་མཆོག་ནི་རབ་བྱུང་བརྒྱད་པའི་ས་ཡོས་ལོར་སྐུ་འཁྲུངས། ཨཱརྱ་གླིང་དུ་ལྷ་ཁང་དཔེ་གཟིགས་སུ་ཕེབས། དགུང་གྲངས་སོ་གསུམ་ལྕགས་མདུད་དགོན་པ་བཏབ། ཉིད་ཀྱི་རྣམ་ཐར་དུ་གསལ།
ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་ནི་རབ་བྱུང་དགུ་པའི་ཐོག་མ་མེ་ཡོས་ལོར་ངོམ་ཆུ་རྒྱུད་གཡས་སུ་སྐུ་འཁྲུངས། མེ་བྱི་ལོར་ཨཱརྱ་གླིང་དུ་ཕེབས། ཆོས་འབྱུང་གོང་འོག་སོགས་སུ་ཕེབས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། དགུང་ལོ་ཞེ་བརྒྱད་ཤིང་སྟག་ལོར་སྐུ་ཡང་སྲིད་ལ་ལུང་བསྟན་གསུངས་ཏེ་སྤྲུལ་སྐུ་དཀྱིལ་འཁོར་བསྡུ་ཚུལ་བསྟན།
རིག་འཛིན་ཀློང་གསལ་སྙིང་པོ་ནི་རབ་བྱུང་བཅུ་པའི་ཤིང་གླང་ལོར་སྐུ་འཁྲུངས། མཚོ་ཁ་ཨཱརྱ་གླིང་དུ་ཕེབས། གུ་རུ་སྐུ་ཉིད་ཀྱིས་ཕྱག་བཟོ་མཛད། དབང་དང་ལུང་ཁྲིད་གསུམ་གྱིས་སྨིན་གྲོལ་ལ་བཀོད། དངོས་སློབ་ཆོས་བདག་ནི་ཆོས་ཉིད་རང་གྲོལ་ཡིན།
ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་ནི་རབ་བྱུང་བཅུ་གཉིས་ལྕགས་འབྲུག་ལོར་སྐུ་འཁྲུངས། མཚོ་ཁ་ཨཱརྱ་གླིང་དུ་ཕེབས། གནས་བསྟོད་བསང་ཡིག་སོགས་བརྩམས། ཕག་མོ་སྒྲུབ་མཆོད་བཙུགས། རྡོ་རྗེ་བེེ་ནག་སྒྲུབ་པ་བཙུགས། ཆོས་གསུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོར་སྐུ་མྱ་ངན་ལས་འདས་ཚུལ་བསྟན། གྲུབ་ཆེན་པདྨ་བདུད་འདུལ་ཐེངས་གཉིས་ཕེབས་བླ་མ་མཐའ་ཡས་སོགས་བྲག་མཁར་འདབ་བདུན་གཅིག་བཞུགས་ཏེ་ཚོགས་སྐོང་ཕུལ། སྒྲོལ་མ་ཉེར་གཅིག་བསྟོད་པ་གསུངས་སྐབས་རྗེ་བཙུན་སྒྲོལ་མ་ཞལ་གཟིགས། ཕྱག་བཙལ་རྗེས་པུས་མོ་མན་གྱི་རྡོ་ལ་རྗེས་ཡོད། རྗེས་མ་དགུང་ལོ་བགྲེས་དུས་གནས་དགའ་བ་རབ་ནས་གཏེར་བཞེས་པའི་སྦྲམ་བུ་རྣམས་མཚོ་ལ་སྦས། ངག་སྒྲོས་སུ་སྒྲོལ་མའི་སྤྲུལ་པ་རྟ་མགྲིན་དབང་མོ་གྲུབ་ཆེན་མཇལ་དུ་ཕེབས་ཀྱང་བླ་མ་མཐའ་ཡས་ཀྱིས་མཇལ་ཁ་མ་གནང་ཚུལ་རྣམ་ཐར་ན་མེད་པས་མ་བྲིས།
སྟག་ཤམ་ནུས་ལྡན་རྡོ་རྗེ་ནི་རབ་བྱུང་བཅུ་གཅིག་ཤིང་མོ་ལུག་ལ་སྐུ་འཁྲུངས། དགོན་ལ་ཕེབས་པ་མི་གསལ་ཡང་རྟ་མགྲིན་སྒྲུབ་མཆོད་ནི་ད་ལྟའི་བར་རྒྱུན་མ་ཆད་པ་ཡོད། ཆོས་བདག་ནི་བསམ་གཏན་བསྟན་འཛིན་ཡིན། གླག་བླ་ཆོས་གྲུབ་ཕེབས། བདེ་སྨོན་གྱི་འབྲེལ་བ་གསུངས། བདེ་སྨོན་སྒྲུབ་པ་བཙུགས། རྒྱག་ཚུལ་རིག་འཛིན་སྙན་གྲགས་ཕེབས། གཡེ་འབྲུ་འཆི་མེད་གཏེར་སྟོན་ཕེབས་ཏེ་མཚོ་ཡི་སྟེང་དུ་ཕྱོགས་བཅུ་མགོན་པོ་བྱེ་བས་བསྐོར་བ་ཞལ་གཟིགས། ཕྲ་སྐྱ་དཔལ་ལྡན་ཕེབས། བཀའ་འགྱུར་གྱི་ལུང་གསུངས། སྤྲུལ་སྐུ་ཆོས་རྡོར་ཕེབས། ཐོས་གྲོལ་དབང་གསུངས། ཕུར་པ་བྲིན་མནན་མཛད། བསྟན་པ་ཕྱི་དར་གྱི་གོང་མ་རྣམས་ཨཱརྱ་གླིང་ལ་ཕེབས་ཚུལ་རགས་པ་ཙམ་མོ། །
རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ལོར་འཁྱོག་འབར་མེ་ཡིས་གནོད་པས་འཇིག་ཤོར། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་དར་གྱི་དབུ་བཟུང་མགོན་པོ་སྒྲུབ་ཁང་ལྷ་ཁང་སོགས་ཞིག་གསོས་བྱས་ཏེ་ལེགས་གྲུབ་བྱུང་ངོ་། །
མཁས་པའི་ལྷ་ལམ་ངོགས་སུ་རྒྱུ་སྐར་ལས། །
སྲིན་བུ་མེ་ཁྱེར་བདག་གི་ངལ་བ་ཅི། །
འོན་ཀྱང་རང་མཉམ་འགའ་ལ་ཅུང་ཕན་ནས།། འདིས་བསྐུལ་ཆོས་འབྱུང་ལེགས་བཤད་འབྱུང་ན་སྙམ།། རིག་གཞུང་རྒྱ་མཚོ་ཕ་མཐའ་རིན་ཆེན་གླིང་། །
ཚིག་དོན་བསྒྲོད་པའི་གྲུ་གཟིངས་བདག་ལ་རིང་།། དེ་ཕྱིར་ནོར་འཁྲུལ་འགལ་བ་ཅི་མཆིས་པ།། གཟུར་གནས་བློ་ལྡན་སྤྱན་སྔར་ཡང་ཡང་འཆགས།། ཅུང་ཟད་འབད་ལས་དགེ་བས་འགྲོ་བ་ཡི།།
ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་ཤོག། ལྕགས་སྦྲུལ་ས་ག་ཟླ་བའི་ནང་རྒྱུན་སྡོད་སྐབས་སྐལ་བཟང་མགོན་པོས་བྲིས། དགེ་གྱུར་ཅིག།