མཚོ་སྔོན་བོད་རིགས་དྲ་བ། 2011-02-24
དགེ་རྒན་རྡོ་རེད་ལགས་ནི་གནམ་ཞབས་ཀྱི་རྨ་ཁུགས་དང་བོ་སྟེ།བོད་ཀྱི་རྒྱལ་བོ་འདུས་སྲོང་མང་རྗེ་དང་།བོད་ཀྱི་དཔའ་བོའི་མི་སྣ་གྲགས་ཅན་གླིང་གེ་སར་སྐྱེས་བུ་སོགས་མྱེས་པོ་གྲགས་ཅན་མང་པོ་ཞིག་གི་ཞབས་ཀྱིས་བཅགས་པའི་གནས་མཆོག་སྐོང་གསེར་ཁ་མདོ་རུ་ཆགས་པའི་ཁྲོ་ཁོ་དབལ་པན་ཚང་གི་ཕ་རྔ་བ་སྐལ་སྦྱིན་དང་མ་རྩེ་ཟ་ཡང་དག་སྐྱིད་གཉིས་ཀྱི་གཡང་ཁྱིམ་དྲོན་མོ་རུ་སྐྱེས།ཁོ་རིམ་པ་བཞིན་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆེད་གཉེར་སློབ་གྲྭ།མཚོ་སྔོན་སློབ་གསོ་སློབ་གླིང་སོགས་འགྲིམས་ནས་ཕྱིར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕེབས་ཏེ་དགེ་རྒན་གྱི་ལས་ལ་ཞུགས། ཁོས་ལོ་ངོ་དུ་མའི་དགེ་རྒན་གྱི་ལས་གནས་ཁྲོད་ནས་སྤྱོད་ཡོན་གཉིས་ལྡན་གྱི་བོད་རིགས་བྱིས་པ་མང་བོ་གསོ་སྐྱོང་བྱས་པའི་རླབས་ཆེན་བྱ་གཞག་ལ་ཁུལ་དང་རྫོང༌།སློབ་གྲྭ་བཅས་ནས་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་འཛིན་བདགད་དུང་ཁྲིད་ཐབས་སྔོན་ཐོན་ཅན་གྱི་དགེ་རྒན་སོགས་ཀྱི་གཟེངས་སྟོད་ཀྱི་མཚན་སྙན་མང་བོ་ཐོབ་མྱོང༌།ལྷག་པར་དུ་ཁོའི་ཨ་མ་་ཡང་དག་སྐྱིད་ནི་ཡུལ་དེར་མིང་གྲགས་ཆེ་བའི་དམངས་ཁྲོད་གླུ་མ་ཞིག་ཡིན་པའི་ཤུགས་རྐྱེན་ལས་ཁོ་ཆུང་ངུའི་དུས་ནས་དམངས་གླུ་དང་རྩེད་རིགས་ལ་ཧ་ཅང་དགའ་བའི་བག་ཆགས་ཤིག་གིས་གླུ་གར་གྱི་ཁ་ཕྱོགས་ཤིག་སྟོང་འདང་གི་རི་མོ་དུ་མ་ཞིག་བྲིས་ཟེར།ཁོ་རྫོང་བོད་རིགས་སློབ་འབྲིང་གི་ལོ་རིམ་གཉིས་པའི་སྐབས་སུ་ཕུ་བོ་བཀྲ་ཤིས་ཀྱིས་རོགས་སྐྱོར་འོག་ནས་ལོ་ངོ་དུ་མའི་སྨི་ལམ་ལྟ་བུའི་རེ་འདུན་སྟེ།ཡུན་རིང་སེམས་ལ་ཉལ་བའི་སྒྲ་སྙན་རྡུང་ལེན་སྦྱང་བའི་སྐལ་བ་ལྡན།དེ་ནས་བཟུང་ཁོས་སློབ་ཞོར་དང་ལས་ཞོར་ལ་བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་ཧུར་ཐག་གིས་སྦྱང་བ་བྱས་ནས ༡༩༨༦ ལོ་ནས་བཟུང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།ཁུལ་རིམ་པ།ས་གནས་རིམ་པའི་འཁྲབ་སྟོན་མང་བོར་ཞུགས་ལ་ཀན་ལྷོ་རྒྱང་བསྒྲགས་ཁང་དང་མཚོ་སྔོན་རྒྱང་བསྒྲགས་ཁང༌། མཚོ་སྔོན་བརྙན་འཕྲིན་ཁང༌སོགས་ཀྱི་གར་སྟེགས་དང་།གཞན་སྒྲ་ཐག་དང་འོད་སྡེར་དུ་མ་བརྒྱུད། 《ཕྱིང་གླུ་བཀྲ་ཤིས་དགུ་འཁྱིལ་དང》《སློབ་བུ་དགྱེས་པའི་དགའ་སྟོན》《གེ་དྲུག》སོགས་མི་རིགས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་དུང་ཞེན་སོགས་ཀྱི་གསོན་ཉམས་དང་རིན་ཐང་གིས་ཕྱུག་པའི་རྡུང་ལེན་གྲངས་མང་ཞིགརྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ་ཕུལ་མྱོང་བར་མ་ཟད། ཁོ་ལ་ཐེངས་དང་པོའི་མདོ་ཁམས་ཡུལ་གྱི་དམངས་གླུ་དང་རྡུང་ལེན་འགྲན་སྡུར་སྐབས་རྡུང་ལེན་གྱི་ཨང་གཉིས་པ་དང་དམངས་གླུའི་ཨང་གསུམ་པའི་གཟེངས་སྟོད་མཚན་སྙན་ཐོབ་ལ།ཀན་ལྷོ་ཁུལ་གྱི་ན་གཞོན་གླུ་བའི་འགྲན་སྡུར་ཁྲོད་སྔ་གཞུག་ཏུ་ཨང་གསུམ་པ་ནས་དང་པོའི་གཟེངས་སྟོད་མཚན་སྙན་ཐོབ་མྱོང༌། ད་དུང་ཁོའི་བརྩམས་པའི་སློབ་བུ་དགྱེས་པའི་དགའ་སྟོན་(བོད་ཡིག་དབྱིངས་གསལ་གཉིས་ལ་སྦྱར་བའི་དབྱངས)གྱི་དབྱངས་ལ་ཐེངས་ལྔ་བའི་ཤར་བྱང་དང་ཀྲུང་ཧྭ་བྱང་རྒྱུད།ནུབ་བྱང་ས་ཁུལ་གྱི་ལྗོངས་དང་ཞིང་ཆེན་རིམ་པའི་ན་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ཁྲོད་གསར་རྩོམ་གྱི་གཟེངས་སྟོད་མཚན་སྙན་ཨང་གཉིས་པ་ཐོབ།འདི་དག་ནི་རྡུང་ལེན་པ་རྡོ་རེད་ཀྱིས་བརྒྱུད་མྱོང་བའི་ལམ་ཕྲན་གྱི་ཟུར་ངོས་ཙམ་རེད།དོན་དངོས་ཐོག་ནས་ཀྱང་ཁོང་ནི་བོད་ཀྱི་གླུ་བ་གླུ་མ་ཚོའི་ཁྲོད་ནས་གླུ་ཚིག་གི་སྲོག་དང་དབྱངས་ཀྱི་ལུས།རོལ་མོའི་རྒྱན།གར་གྱི་སྟངས་སྟབས་སོགས་ཉམས་འགྱུར་གྱི་ཐད་ནས་རང་སྐྱ་ཕེར་བའི་ཚབ་མཚོན་མི་སྣ་གཅིག་པུར་ངོས་བཟུང་ན་མི་ཆོག་རྒྱུ་མི་འདུག་པར་མ་ཟད།ཁོས་རིག་རྩལ་གྱི་གོམ་འགྲོས་ཁྲོད་ནས་བོད་རིགས་ན་གཞོན་རྡུང་ལེན་པ་མང་བོ་ཞིག་གསོ་སྐྱོང་བྱས་མྱོང་ལ་གཟེངས་སྟོད་ཀྱི་མཚན་སྙན་ཡང་མང་བོ་ཞིག་བླངས་མྱོང༌། དཔེར་ན། ད་ལྟ་བོད་ཁམས་ན་སྙན་གྲགས་རྒྱས་པའི་གླུ་བ་ཤེར་བསྟན་དང་། དགའ་ལྡན། བློ་བཟང༌། མགོན་པོ་དོན་གྲུབ(ད་ལྟ་ཕྱི་རྒྱལ་ན་ཡོད) རྡོ་བསྟན་པ་དར་རྒྱས། གླུ་མ་སངས་རྒྱས་འཚོ་དང་ཆོས་འཛོམས་སོགས་མང་ཁ་ཕྱོགས་ལ་བརྟེན་ཏེ་འཚར་ལོངས་བྱུང་བ་ནི་དུས་རབས་གསར་བའི་བོད་རིགས་གླུ་གར་གྱི་གར་སྟེགས་ལ་སྙན་འཇེབས་དྲི་ཟའི་གླིང་བུ་གསར་བའི་ཆུན་པོ་ཞིག་གསར་དུ་བསྣན་པ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ་བ་དང་།ད་ལྟ་ཁོས་མདོ་ལྷོ་ཁུལ་རྨ་ཆུ་རྫོང་དུ་བྱ་བ་སྒྲུབ་མུས་དང་མགོ་ལོག་གཅིག་སྒྲིལ་(གཉན་པོ་གཡུ་རྩེ)རྫོང་སྨིན་ཐང་རྡོ་རྗེ་བརྟན་ལག་རྩལ་སློབ་གྲྭ་རུ་ཉམས་མྱོང་དང་མཛུབ་སྟོན་གྱི་བཀའ་དྲིན་སྐྱོང་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10