གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽

ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས།        2012-05-31

༼ཨ༽
 
ཨ།      བོད་ཡིག་གསལ་བྱེད་སུམ་ཅུ་པའམ།   ལ་ལས་དབྱངས་གསལ་གཉིས་ཆོད་ཀྱི་ཡི་གེར་འདོད་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང་།   བྱེད་པ་མགྲིན་པ་ལྕེ་རྩ་དང་སྦྱར་བ།   ནང་གི་རྩོལ་བ་མགྲིན་པ་བཙུམ་པ།   ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་ལྡན།     ①  གང་ཟག་གི་མིང་འགའི་སྔོན་དུ་བཅུག་ནས་སྙིང་ཉེ་བའི་དོན་སྟོན་པའི་ཚིག་གྲོགས་ཤིག  ཨ་ཕ།   ཨ་མ།   ཨ་ཁུ།   ཨ་ཞང་།   ཨ་རོགས།   ②  མིང་འགའི་སྔོན་དུ་བཅུག་ན་སེམས་ཀྱི་ཚོར་བ་དྲག་པོ་ཞིག་ཕྱིར་མངོན་ཐུབ་བྱེད་ཀྱི་ཚིག་གྲོགས་ཤིག  ཨ་ཁ་ཁ།   ཨ་ཚ་ཚ།   ཨ་མཚར།   ཨ་ཕམ་པ་ལ།   ཨ་ཡ་མཚན།    ③ 〔ཡུལ〕ཨང་སྒྲ་ཟུར་ཆག་པ་ཞིག་སྟེ།   ཚིག་འགའི་མཇུག་ཏུ་བཅུག་ནས་སྐུལ་ཚིག་སྟོན་རོགས་བྱེད་པའི་ཚིག་གྲོགས་ཤིགདེ་འདྲ་མ་བྱེད་ཨ།   མགྱོགས་པོ་ཕེབས་ཨ།   དཔེ་ཆ་ལྟོས་ཨ།   ཡིན་ནམ།   ཡོད་དམ།   ཡོང་བཅས་ཀྱི་སྔོན་དུ་བཅུག་ནས་ཐེ་ཚོམ་མམ་དྲི་བ་སྟོན་པའི་ཚིག་གྲོགས་ཤིག  ཡིན།   ཡོད།   ཡོང་།   ཁོང་རྒྱ་རིགས་ཨ་ཡིན།   རྒན་ལགས་སླེབས་ཨ་ཡོད།   སང་ཉིན་ཁ་བ་འབབ་ཨ་ཡོང་།  
ཨ་ཀ་མ།      སྟོན་རྒྱབ་ཀྱི་རི་ཁའི་ལྕི་བ་སྐམ་ཐག་ཆོད་པ་སེར་ག་མའི་མིང་།  
ཨ་ཀ་རུ།      ཨ་ག་རུ་དང་འདྲ།  
ཨ་ཀམ།      ཨ་ཀ་མའི་བསྡུས་ཚིག
ཨ་ཀར།      ཨ་ཀ་རུ་བསྡུས་ཚིག
ཨ་ཀོར།      བུད་མེད་ཀྱི་རྣ་རྒྱན།   གསེར་གྱི་ཨ་ཀོར་བཏགས་པ།  
ཨ་རྐ་ཤི། 〔ལེགས〕ཉི་མ་ཤིང་།  
ཨ་སྐོང་སྔགས་ཁང་།      དགོན་འདི་དུས་ནམ་དང་བླ་མ་སུས་བཏབས་མ་གསལ།   གྲུབ་མཐའ་རྙིང་པ་ཡིན།   ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད། 
ཨ་ཀྱ་ཁ་པ།      ཁམས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ལྕགས་ལ་རྒྱལ་པོའི་མངའ་འོག་གི་དཔོན་དཔོན་རིགས་ཤིག་གི་མིང་།  Š
ཨ་ཀྱ་རི་ཁྲོད།      རབ་བྱུང་བཅུ་གསུམ་པའི་ས་འབྲུག་སྤྱི་༡༧༤༨ལོར་ཨ་ཀྱ་ཞབས་དྲུང་སྦྱིན་པ་རྒྱ་མཚོས་ཕྱག་བཏབ།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་མཚོ་ཤར་ལུང་མདོ་རྫོང་ཁོངས་སུ་ཡོད།   
ཨ་ཀྱཱ་བསྟན་པའི་རྒྱལ་མཚན།      རྗེ་འདི་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་སྤྱི་ལོ༡༩༡༠ལོར་སྐུ་འཁྲུངས།   སྐུ་གཞོན་ནུ་ནས་སྐུ་འབུམ་བྱམས་པ་གླིང་དུ་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་གནང་ནས་དཀའ་བཅུའི་གྲྭ་སྐོར་མཛད།   རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲུང་ནས་ཆོས་བཀའ་མང་དུ་གསན།   དགུང་ལོ་ཉེར་བཞི་ནས་ཉེར་དྲུག་བར་རྗེ་འཕྲིན་ལས་རྒྱ་མཚོ་སྐུ་འབུམ་དུ་གདན་དྲངས་ཏེ་ལམ་རིམ་གསན།    པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མའི་དྲུང་ལས་དུས་འཁོར་རྡུལ་མཚོན་དཀྱིལ་འཁོར་སྟེང་ནས་དབང་ཆེན་གསན།   དགུང་ལོ་ཉེར་བདུན་ལོར་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་ཏེ།  བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་པའི་ཟིན་ཐོ་རགས་བསྡུས་ཙམ་བཀོད་པ་སྐྱ་རེངས་གསལ་པའི་སྣང་བ་ཞེས་བྱ་བ་བཀའ་རྩོམ་མཛད།   དེ་བཞིནཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་རགས་བསྡུས་བློ་གསལ་མགུལ་རྒྱན་གསར་པ་ཞེས་པ་དང་།   རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཟིན་བྲིས་དངོས་གྲུབ་བདུད་རྩིའི་ཟེགས་མ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེ་གནང་ཟིན་བྲིས་ཉུང་བསྡུས་དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་རབ་གནས་མདོར་བསྡུས་བྱ་ཚུལ་བཀླག་པས་དོན་གྲུབ་ཅེས་པ་སོགས་བཀའ་རྩོམ་པོད་འབྲིང་གཉིས་ཙམ་མཛད།   སྐུ་ཚེའི་སྨད་ཀྱི་མཛད་པ་མི་གསལ།  
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ།      རྗེ་འདི་ནི་མདོ་སྨད་ཕྱག་རྡོ་ཐང་ཨ་ཀྱཱ་སྡེ་ཞེས་བྱ་བའི་ཡུལ་དུ་ཡབ་ལོ་ལོ་དང་ཡུམ་འབའ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་སྤྱི་ལོ༡༧༤༠ལོར་སྐུ་འཁྲུངས་དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་ཀྱི་དྲུང་དུ་རབ་བྱུང་བསྒྲུབས།   མཚན་བློ་བཟང་དོན་གྲུབ་ཏུ་གསོལ།   དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་དེ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་ཆོས་བཀའ་མང་དུ་གསན།   དགུང་ལོ་ཉེར་བདུན་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་པའི་མེ་ཁྱི་སྤྱི་ལོ༡༧༦༦ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།   གཞུང་ཆེན་པོར་སློབ་གཉེར་གནང་།   དགུང་ལོ་ཉེར་བརྒྱད་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་བསྒྲུབས།   དགུང་ལོ་སོ་གཉིས་ལ་གྲྭ་སྐོར་མཛད།   སུམ་རྟགས་རྩིས་སྐར་ནག་སོགས་ལའང་མཁས་པར་གྲགས་པས་མཚན་དབྱངས་ཅན་དགའ་བའི་བློ་གྲོས་སུ་གསོལ།   འབྲུག་གཅིག་ལ་དེ་བཞིན་གཤེགས་པའི་སྐུའི་སྐྱེད་མཆེད་ལེགས་པར་དོད་པ་བཞིན་གཤེགས་པའི་སྐུའི་སྐྱེད་མཆེད་ལེགས་པར་དོད་པ་བཞེངས་པ་སོགས་བཟོའི་གནས་ཀྱང་མཁས་པར་མཁྱེན་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་ཕག་སྤྱི་ལོ༡  ༨༢༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། 
ཨ་ཀྱང་།      སྔར་བཤད་ཀྱི་གཏམ་དེ་རྩེད་མོ་ཡིན་པར་སྟོན་པའི་ཚིགཨ་ཀྱང་དགོངས་པ་མ་འཚོམས་སྐུ་རྩེད་ཞུས་པ་ཡིན།  
ཨ་ཀྱུ། 〔ཡུལ〕རྒྱུ་སྒྲིམ་བྱེད་ཀྱི་འཕང་ལོའི་རྩེའི་ལྕགས་ཀྱུ།  
ཨ་ཀྱོག་པ་ཀྱོག〔ཡུལ〕དྲང་པོ་མིན་པ།   ལས་ཀ་བྱེད་སྟངས་ཨ་ཀྱོག་པ་ཀྱོག  སྐད་ཆ་ཨ་ཀྱོག་པ་ཀྱོག  འགྲོ་ལམ་ཨ་ཀྱོག་པ་ཀྱོག
ཨ་ཀྲད།      ལྷམ་རྡོག་ལ་གླན་པའི་ཀོ་ཀྲད་རྙིང་པའམ།   རྡོག་པ་རྙིང་པ།  
ཨ་ཀྲན་ཐོའོ་བྲག་ཕུག  ཅེས་པ་ནི་རྒྱ་གར་གནའ་བོའི་དུས་དཀྱིལ་སྐབས་སུ་བསྐྲུན་པའི་ནང་བསྟན་གྱི་ཨར་སྐྲུན་དང་།    བརྐོས་དཀྲོལ།    རི་མོའི་སྒྱུ་རྩལ་བཅས་ཀྱི་ནོར་མཛོད་གལ་ཆེན་ཞིག་ཡིན།   དེ་ནི་རྒྱ་གར་གྱི་མོང་མའེ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་གནས་ཡོད། 
ཨ་ཀྲེན་ཐོའོ་བྲག་ཕུག་གི་ལྡེབས་རིས།      ཞེས་པ་ནི་འཕགས་ཡུལ་གྱི་མེང་མའེ་གྲོང་ཚོའི་བྱང་ཤར་ངོས་སུ་གནས་པའི་འཛམ་གླིང་ཐོག་སྙན་གྲགས་ཆེ་ཤོས་ཀྱི་ནང་བསྟན་སྒྱུ་རྩལ་གྱི་ནོར་མཛོད་ཅིག་ཡིན།   དེར་ཁྱོན་བསྡོམས་བྲག་ཕུག་ཉི་ཤུ་རྩ་དགུ་ཡོད་པ་དང་།    བྲག་ཕུག་དེ་ཚོའི་ནང་གི་སྒྱུ་རྩལ་དངོས་པོའི་ཐད་ལ་ཨར་སྐྲུན་གྱི་སྒྱུ་རྩལ་རི་མོའི་སྒྱུ་རྩལ་བཅས་ཁག་གསུམ་ལ་དབྱེ་ཡོད་པའོ། 
ཨ་ཀྲོང་།      ཐང་སྨན་གྱི་རིགས་ཤིག་སྟེ།   ནང་གསེས་སུ་མཁན་པ་ཨ་ཀྲོང་དང་།   རྩྭ་ཨ་ཀྲོང་།   ཤིང་ཨ་ཀྲོང་བཅས་རིགས་གསུམ་མཆིས།   རོ་མངར་ལ་སྐྱུར་ཞིང་ཁ།   ཞུ་རྗེས་བསིལ།   ནུས་པས་གློ་ཚད་དང་།  གྲེ་ཚད།   ཨོལ་ཀྲོང་གི་ཚད་པ་བཅས་ལ་ཕན།  
ཨ་ཀྲོང་རིགས་གསུམ།      ཨ་ཀྲོང་ལ་ལྟོས།  
ཨ་སྐྱ། 〔ཡུལ〕མི་ནག་སྐྱ་བོ། 
ཨ་སྐྱོང་རྒྱ་དགོན།      མིང་གཞན་དུ་མདོ་སྔགས་བཤད་སྒྲུབ་གླིང་ཟེར།   རབ་བྱུང་དྲུག་པའི་མེ་ལུག་སྤྱི་ལོ་༡༣༦༧ལོར་འཕྲིན་ལས་རྣམ་རྒྱལ་གྱིས་ཕྱག་བཏབ།   གྲུབ་མཐའ་རྙིང་མ་ཡིན།   ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཁོངས་སུ་ཡོད།  
ཨ་དཀར་དགོན།      རབ་བྱུང་བཅུ་གཅིག་པའི་མེ་ཡོས་སྤྱི་ལོ་༡༦༢༧་ལོར་ལྕགས་མདུད་ལྦ་མ་རྡོ་རྒྱལ་པས་ཕྱག་བཏབས།   གྲུབ་མཐའ་རྙིང་མ་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད
ཨ་དཀྲིགས།      ཤིང་གདུང་མ་དུམ་བུར་གཏུབ་པའི་མིང་སྟེ།   དཔེར་ན།   གདུང་མ་གཅིག་གོས་ཨ་དཀྲིགས་ལྔ་གས་པ་ཡིན་ལྟ་བུ།  
ཨ་ཁ།      ཡིད་ཕམ་པ་དང་ཧང་སང་བ་སྟོན་པའི་སྒྲ་ཞིག  ཨ་ཁ།   ག་འདྲ་འདུག  ཨ་ཁ།   དེ་ག་རང་ཡིན་པ་རེད།   ཨ་ཁ།   བྱིས་པ་རྟ་ཐོག་ནས་ལྷུང་ལ་ཁད་ཅིག་བྱས།   ཨ་ཁ།   ཁྱེད་ཡིན་ནམ།  
ཨ་ཁ་ཁ།     ①  སེམས་ཕམ་པའི་ཚིགཨ་ཁ་ཁ་ཕངས་པ་ལ།   ②  འགྱོད་པ་སྐྱེས་པའི་ཚིགནོར་འཁྲུལ་དེ་འདྲ་བྱུང་བ་ཨ་ཁ་ཁ་འགྲིག་མ་སོང་། 
ཨ་ཁ་བ།      གཤིས་ངན་ནམ་རང་བཞིན་ངན་པ།  
ཨ་ཁ་མ།      ཡག་པོ་མེད་པའམ་ཕན་ཐོགས་མེད་པའི་མི་དང་དངོས་པོར་བཏགས་པའི་ངན་མིང་ཞིག
ཨ་ཁག་བ།      གཤིས་ངན་ནམ་རང་བཞིན་ངན་པའི་མིང་།  
ཨ་ཁུ།      ཕའི་སྤུན་ཟླ།   ཨ་ཁུ་རྒན་པ།   ཨ་ཁུ་གཞོན་པ།   མིང་གི་རྣམ་གྲངས་ལ་ཁུ་བོ་དང་།   ཕ་ཡི་སྤུན་ཟླའོ། 
ཨ་ཁུ་སྡོམ་ཐག〔ཡུལ〕སྲོག་ཆགས་སྡོམ།  
ཨ་ཁུ་ལྷ་ཤིང་ཤུག་པ།      ལྷ་མོ་འཁྲབ་སའི་དཀྱིལ་དུ་འཛུགས་པའི་ཤིང་ཞིག
ཨ་ཁྱུང་ངག་དབང་མཁྱེན་རབ།      རྗེ་འདི་ནི་ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཡིན།   སྐུ་གཞོན་ནུའི་དུས་སུ་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་དང་།   རྔ་རྒོད་ནམ་མཁའ་སེང་གེམཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་སྤྱི་དང་།   ཁྱད་པར་དུ་སུམ་རྟགས།   སྙན་ངག  སྡེབ་སྦྱོར་སོགས་ལ་མཁས་པའི་ཡང་རྩེར་སོན།   བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་གིས་རྗེ་འདི་ལས་སྙན་ངག་སྦྱངས་བརྩོན་མཛད།   མདོ་སྨད་ཁ་གྱ་ཚོ་དྲུག་གི་ཨ་ཁྱུང་སྒོམ་གྲྭ་ཐར་པ་གླིང་ཕྱག་བཏབ།   རྗེ་གང་གི་སློབ་དཔོན་དང་སློབ་མའི་ཚིགས་ལ་བལྟས་ན་རབ་བྱུང་བཅུ་གསུམ་པར་བྱུང་བའི་མཁས་པ་ཞིག་ཡིན།  
ཨ་ཁྲད།      ལྷམ་རྙིང་པ་ཧྲུལ་པོའི་མིང་།   ཨ་ཁྲད་འདི་རྩིད་རྒྱ་བྱས་ན་ད་རུང་ཉིན་ཤས་གྱོན་ལོ་ས་རེད་ལྟ་བུ། 
ཨ་ཁྲོ་དར་རྒྱས་དགོན།      མིང་གཞན་སྒ་ཨ་ཁྲོ་བཤད་སྒྲུབ་དར་རྒྱས་དགོན་ཟེར།   རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ༡༢༦༠ལོར་སྒ་ཨ་གཉན་དམ་པའི་ལུང་བཞིན།   གི་ཏམ་ནམ་མཁའ་ལེགས་པས་བཏབས།   གྲུབ་མཐའ་ས་སྐྱ་པ་ཡིན།    ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ཁོངས་སུ་ཡོད། 
ཨ་ག་མ།      ཨ་ཁ་མ་དང་འདྲ།  
ཨ་ག་རུ།    ལྕི་མེད་དམ་སྙིང་སེལ་ཏེ་ནང་གསེས་སུ་དབྱེ་ན་ཨར་སྐྱ་དང་།   ཨར་ནགཨར་དམར་བཅས་རིགས་གསུམ་མཆིས།   མིང་གི་རྣམ་གྲངས་ལ་ཐལ་བའི་སྙིང་པོ་དང་།   དྲི་ཞིམ་ལྗོན་པ།   འདབ་ཟུང་ཅན།   ནགས་ཀྱི་ཙན་དན།   མི་བདག་དགའ།   མཛེས་སྦྱིན་བྱེད་བཅས་སོ།  
ཨ་ག་རུ་ནག་པོ།      ཨ་ག་རུའི་རིགས་མདོག་ནག་ཤས་ཆེ་བ་ཞིག་སྟེ།   རོ་ཁ་ལ་ཚ།   ཞུ་རྗེས་སྙོམས།   ནུས་པས་སྙིང་དང་།   སྲོག་རྩའི་ནད་ལ་མཆོག་ཏུ་བསྔགས།  
ཨ་གར།      ཨ་ག་རུའི་བསྡུས་ཚིག
ཨ་གར་འབའ་ཞིག  ཨ་གར་རིགས་གསུམ་གྱི་ནང་ཚན་ཨ་སྐྱའི་མིང་དུ་བཞེད་པར་ཞིག་དང་།    ཨ་གར་རུ་ཁོ་ནའི་དོན་དུ་བཞེད་པ་ཞིག་དང་གཉིས་མཆིས་ཏེ།    དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས།    ཨ་ག་རུ་རིགས་གསུམ་གྱི་ནང་ནས་ཅུང་ཟད་ལྕི་ལ་སྨུག་པ་སྤྱིན་ཆུ་ནང་ནས་དྲངས་ལ་སྐམས་པ་འདྲ་ཞིང་དྲི་ཤིན་ཏུ་ཞིམ་པ་དེ་ལ་ཨ་གར་འབའ་ཞིག་ཟེར།    ཞེས་གསུངས་པ་དང་།    སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས།    ཨ་གར་འབའ་ཞིག་ནི།    མདོ་ལས།    ཨ་གར་འབའ་ཞིག་གི་དུ་བས་བདུག་པར་བྱའོ།    ཞེས་པ་དེའི་འབའ་ཞིག་ནི་ཁོ་ནའི་དོན་ཡིན་པས་བོད་མ་གོ་བ་རྣམས་ཀྱིས་ཨ་གར་རིགས་གསུམ་གྱི་ནང་ཚན་ཨ་སྐྱའི་མིང་དུ་བྱ་བ་ཡིན་ནོ།    ཞེས་དང་།    འཇམ་དབྱངས་མཁྱེན་བརྩེས་མཛད་པའི་སྨན་མིང་དང་ངོས་འཛིན་གྱི་སྐོར་བདུད་རྩིའི་ཟེགས་མ་ལས་ཀྱང་དེ་དང་མཐུན་པར་གསུངས་ཤིང་།    དེང་སང་ཕྱག་རྒྱུན་དུ་ཨ་སྐྱའི་རིགས་ཤིག་ལ་ངོས་འཛིན་འདུག་པས་སླད་དཔྱོད་ཅིག
ཨ་གར་དམར་པོ།      ཨ་ག་རུའི་རིགས་མདོག་དམར་ཤས་ཅན་སྙོད་ཀྱི་དྲི་མ་མནམ་པ་ཞིག་སྟེ།   ནུས་པས་སྙིང་དང་སྲོག་རྩའི་ཚ་བ་དང་ཁྱད་པར་ཅན་དུ་ཚད་རླུང་སེལ།   མིང་གི་རྣམ་གྲངས་ལ་གོ་སྙོད་མ་དང་།   གོ་སྙོད་ཨ་གར།   ཏཱ་གྷ་ར།   ཨར་དམར་བཅས་སོ།  
ཨ་གར་གསུམ།      ཨར་སྐྱ་དང་།    ཨར་ནག   ཨར་དམར་གསུམ་གྱི་བསྡུས་མིང་སྟེ།    དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་ཕྲེང་བསྡུས་དོན་གསལ་བཀྲོལ་ལས།   ཨ་གར་རིགས་གསུམ་བརྗོད་པའོ།   ཞེས་གསུངས་པ་ལྟར་རོ། 
ཨ་རྒ།      ཁང་པའི་ནང་དང་།   སྒོ་ནང་སོགས་ལ་ས་དམ་རྩི་ཆན་བླུག་ཅིང་བཅག་བཅག་བྱས་ཟིན་པ་དང་སྲ་མཁྲེགས་ཅན་དུ་གྱུར་ཏེ།   ཐལ་བ་མེད་པའམ་མི་ལངས་པ་གཙང་མར་ཆགས་ཐུབ། 
ཨ་རྒ་བརྡུངས།      ཨ་རྒ་དང་འདྲ། 
ཨ་རྒྱབ།   ལུས་སྟོད་ཀྱི་རྒྱབ་ངོས་ཀྱི་མིང་།   ཨ་རྒྱབ་ལ་ཁུར་པོ་ཁུར་ནས་ལྷ་སར་ཕྱིན་པ་ཡིན།  ཁྲག་ཤུགས་མཐོ་བས་ཨ་རྒྱབ་གཟེར་ཞིང་འདུག་ལྟ་བུ། 
ཨ་སྒོང་།  〔སྡེ་དགེ〕དགུན་དུས་འབྲི་གཡག་རྣམས་ཀྱིས་མཚན་མོར་བཏང་བའི་ལྕི་བ་གྲང་ལྷགས་གིས་འཁྱགས་ནས་རྡོག་རྡོག་སྲ་པོར་ཆགས་པའི་མིང་།  
ཨ་སྒོར།      ཨ་ཀོར་དང་འདྲ།  
ཨ་གྲགས་གངས་ལྷ།      རི་བོ་ཞིགབོད་རང་སྐྱོང་ལྗོངས་ཀྱི་དཔའ་ཤོད་རྫོང་གི་ལྷོ་ངོས་དང་རྫ་ཡུལ་རྫོང་གི་བྱང་ངོས་སུ་ཡོད།  
ཨ་གྲགས་སྣང་གསལ་དགོན།      མིང་གཞན་གཡུང་དྲུང་གསལ་བའི་གླིང་ཟེར་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་སྤྱི་ལོ་༡༩༡༡ལོར་དབྲ་སྟོན་གསལ་ནམ་མཁའ་རྒྱལ་མཚན་གྱིས་བཏབ།   གྲུབ་མཐའ་བོན་པོ་ཡིན།   ད་ལྟ་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཁོངས་སུ་ཡོད། 
ཨ་མགོན་རི་ཁྲོད།      ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ།   ད་ལྟ་མཚོ་ཤར་བ་ཡན་རྫོང་ཁོངས་སུ་ཡོད།  
ཨ་འགིས།  〔སྡེ་དགེ〕རྫ་མས་བཟོས་པའི་ཇ་དམ་གྱི་མིང་། 
ཨ་འགེ  〔སྡེ་དགེ〕  ལུག་གི་རྒྱུད་པ་སྤེལ་བའི་ཆེད་དུ་ཕོ་ལུག་རླིག་པ་མ་བཅད་པའི་མིང་ཡིན།   ལུག་གསེབ་དང་དོན་གཅིག
ཨ་གྲོ།      གྲོ་རྡོག་ཆེ་ཞིང་སྤུས་ལེགས་པ་ཞིག
ཨ་དགོས་ཆུང་།      ཐབས་ཟད་པ།   མི་ཁྱོད་ལ་སྐྲག་ན་ཨ་དགོས་ཆུང་།  
ཨ་སྔོན།      གནམ།   ཁ་ཕོ་དགུང་ཨ་སྔོན་གྱི་འབྲུག་སྒྲ་ལས་ཆེ་བ།   དགུང་ཨ་སྔོན་དབྱིངས་ནས་ཉི་ཟླ་འགྲིམ།   སྨག་ནག་པོའི་མུན་པའི་ཕ་ཡུལ་ཤོར།  
ཨ་སྔོན་ཁིས་ཁ།      སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་མཛོད་དགེ་རྫོང་གི་ལ་ཞིག 
ཨ་སྔོན་མཐོངས།      དགུང་སྔོན་གྱི་དཀྱིལ། 
ཨ་སྔོན་དབྱིངས།      ཨ་སྔོན་མཐོང་དང་དོན་གཅིག
ཨ་ཅག  〔ཡུལ〕  ①  བུད་མེད།    ②  སྤུན་ཟླ་བུ་མོ་རྒན་པ།   ཨ་ཅག་ལགས།   ཁྱེད་རང་ག་དུས་ཕེབས་པ།  
ཨ་ཅང་།      ཧ་ཅང་དང་དོན་འདྲ།  
ཨ་ཅང་ཅང་།      ཤོད་མི་དགོས་ཞེས་པའམ།   ལོས་བདེན་ཟེར་བའི་དོན།   ཕྲུ་གུས་ཀྱང་སྒྲུབ་ཐུབ་ན།   མི་རྒན་ཨ་ཅང་ཅང་།   རླངས་འཁོར་ཡང་ཤིན་ཏུ་མགྱོགས་ན།   གནམ་གྲུ་ནི་ཨ་ཅང་ཅང་།   དགུན་ཡང་དྲོ་ན།   དབྱར་ཁ་ནི་ཨ་ཅང་ཅང་།  
ཨ་ཅང་ཆེ།      བཤད་མི་དགོས་སམ་སྨོས་ཅི་དགོས།   འཇིགས་དྲག་ནས་ཞིང་ཁང་གི་ཕྱོགས་ལ་འགྲོ་བ་དག་ཨ་ཅང་ཆེ་སྟེ་མིག་ཀྱང་བལྟ་མི་ཕོད་པ་ཙམ་ཡོད།  
ཨ་ཅུག  〔ཡུལ〕 ར་ལུག་སོགས་ཀྱི་པུས་ཚིགས་རུས་ཆུང་།   ཁམས་སོགས་བོད་ཀྱི་ས་ཁུལ་གྱི་བྱིས་པ་ཚོས་རུས་ཆུང་གྲུ་བཞི་དེ་ཤར་ནུབ་རྟ་དྲེལ་སོགས་ཀྱི་དབྱེ་བ་བྱས་ནས་རྩེད་མོ་བརྩེས་ཏེ་རྟ་དྲེལ་རྩེ་བར་ཟེར།  
ཨ་ཅེ     ①  〔ཡུལ〕 བུད་མེད།   ཨ་ཅེའི་ཕྱུ་པ།    ②  མི་སྤུན་རྒན་པ།  
ཨ་ཅེ་རྒྱ་བཟའ།      བོད་རྗེ་སྲོང་བཙན་སྒམ་པོས་བློན་པོ་མགར་ཐང་ཐའི་ཙུང་གི་སྲས་མོ་བཙུན་མོར་ཞུ་བར་བཏང་ལུགས་དང་།   ཀོང་ཇོ་བོད་དུ་ཡོང་ལུགས་སོགས་ཀྱི་ལོ་རྒྱུས་རྣམས་དམངས་ཀྱི་ངག་རྒྱུན་གཞིར་བཞག་སྟེ་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག
ཨ་ཅེ་ཡོད་པའི་ཁྱོ་ག  ཆང་ས་བརྒྱབ་ཟིན་ནས་ཆུང་མ་ཡོད་པའི་སྐྱེས་པ།    ཡང་ན་བཟའ་ཟླ་ཡོད་པའི་ཁྱོ་ག་ཞེས་པ་མིང་གི་རྣམ་གྲངས། 
ཨ་ཅེ་ལྷ་མོ།      བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ཞིག་སྟེ་ལྷ་མོའི་ཆས་ཀྱིས་སྤྲས་པའི་བོད་ཀྱི་ཟློས་གར་ཞིག  ཨ་ཅེ་ལྷ་མོ་འཁྲབ་པ།  
ཨ་ཅོ།  〔ལྷ་སའི་ཡུལ་སྐད〕 ཕུ་བོའམ་གཅེན་པོའི་དོན།  
ཨ་ཅོར།      སོག་སྐད་ཨར་ཆོལ་གྱི་ཟུར་ཆག་སྟེ།   གདོང་འཕྱིད་རས།   ཨ་ཅོར་སྤུ་མ།  
ཨ་ལྕི  〔རྙིང〕 ཕའི་མ།  
ཨ་ལྕེ།      བུད་མེད་ཀྱི་སྤྱི་མིང་དང་།    ཟླ་མོ་དང་གཅེན་མོ་ལའང་། 
ཨ་ལྕེ་དྭངས་བཟང་།      སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བྱུང་བའི་ལྷ་མོ་མཁས་ཅན་དྭངས་བཟང་ནི་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་གསར་འཛུགས་བྱེད་མཁན་གྲས་ཤིག་ཡིན་འདུག  ཁོང་གི་ཟླ་བོ་པདྨ་བསྟན་འཛིན་དང་མཉམ་དུ་སྐྱོར་མོ་ལུང་ཁུལ་ནས་མི་ཁག་གཅིག་བསྡུ་རུབ་ཀྱིས་ལྷ་མོའི་འཁྲབ་གཞུང་འགྲོ་བ་བཟང་མོ་དང་།   པདྨ་འོད་འབར།   གཟུགས་ཀྱི་ཉི་མ་སོགས་སྦྱངས་ཏེ་འཁྲབ་སྟོན་བྱས་པར་བརྟེན་ཁོང་ཚོར་དྭངས་བཟང་ལྷ་མོ་ཚོགས་པ་ཞེས་མིང་ཐོབ།   ལྷ་མོ་འཁྲབ་སྐབས་ལུས་ཀྱི་འཁྲབ་འཁྱེར་དང་།   ངག་གི་རྣམ་ཐར་མགྲིན་འགུགས།   འཁྲབ་གཞུང་བར་སེང་དུ་བཞད་གད་སློང་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ལྡན་ནོ། 
ཨ་ལྕོག  〔ཡུལ〕 རྣ་བ།   ཨམ་ཅོག་ལའང་སྣང་།  
ཨ་ཆད་ཨུ་ཐུག   འ་ཆད་འུ་ཐུག་སྟེ་ཐང་ཆད་ནས་ཐབས་ཟད་པ།  
ཨ་ཆི་ཐུ།  〔སོག〕 དྲིན་ཅན་ཏེ་ཧོར་གྱི་གོ་སའི་མིང་ཟུར།   རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན།  
ཨ་ཆི་ཐོ།      ཨ་ཆི་ཐུ་དང་འདྲ།  
ཨ་ཆུ།      ཨ་ཆུ་ཆུ་དང་འདྲ།  
ཨ་ཆུ་ཆུ།      འཁྱགས་ནས་སྐད་འདོན་པའི་སྒྲ།   གྲང་བས་འཁྱགས་ནས་ཨ་ཆུ་ཆུ་ཟེར་བ།  
ཨ་ཆུ་ཟེར་བ།  གྲང་དམྱལ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ།    གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་སྨྲེ་ངག་རྒྱུན་མི་འཆད་པར་འདོན་པ།   Š
ཨ་ཆུང་།      འ་ཆུང་དང་འདྲ།  
ཨ་ཆེ།  〔ཡུལ〕 རང་ལས་རྒན་པའི་སྤུན་མོ།  
ཨ་ཆེན་གངས་རྒྱབ།      རི་བོ་ཞིག་སྟེ།    ཨ་མྱེ་རྨ་ཆེན་ཡིན་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཡོད། 
ཨ་ཆེན་བྱང་རྒྱབ།       བོད་ཡུལ་བྱང་ཕྱོགས་མི་མེད་ལུང་སྟོང་གི་བྱང་ཐང་སྟེ།   དེང་དུས་རྒྱ་སྐད་དུ་ཁོ་ཁོ་ཤི་ལི་ཟེར་བའི་ས་ཁུལ་གི་མིང་།  
ཨ་ཆེན་ཐང་།      ཐང་ཆེན།   
ཨ་ཆོར།      ཨ་ཅོར་དང་འདྲ།  Š
ཨ་མཆོག     རྣ་བ།    ཨ་མཆོག་རྒྱབ་ཀྱི་ལྷགས་པ།   ཨ་མཆོག་བཀོག་ནས་རྐུབ་ཀྱི་ལྷན་པ།   རི་མགོ་ཐམས་ཅད་མིག་དང་།    རྩིག་ཁུག་ཐམས་ཅད་ཨ་མཆོག་རེད།  
ཨ་མཆོག་ལྟེབ་ཚིགས  〔ཡུལ〕 རེ་བ་ཟད་པའི་དཔེ།   འགྲུབ་ཐབས་མེད་པས་ཨ་མཆོག་ལྟེབ་ཚིགས་བརྒྱབ་སྟེ་སྡོད་པ་ལས་འོས་མེད། 
ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་།      རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྤྱི་༡༧༦༠ལོར་འཇམ་དབྱངས་འཇིགས་མེད་དབང་པོས་ཕྱག་བཏབ།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་ཀན་ལྷོ་བོད་རིགས་རང་ཨང་ཁུལ་བསངས་ཆུ་རྫོང་ཁོངས་སུ་ཡོད།   
ཨ་མཆོག་ཚ་པོ།      སྐད་ཆ་རྫོགས་རྒྱུ་མེད་པ་བཤད་ནས་བསུན་པོ་བཟོས་པ།   ཨ་ལྕེ་དེ་ཁ་མང་བས་ཨ་མཆོག་ཚ་པོ་འདུག
ཨ་མཆོག་མཚན་ཉིད་དགོན།       སྔོན་སྒྲོལ་མ་རྣམ་པར་རོལ་བའི་གླིང་ཞེས་ཀྱང་གསོལ་མྱོང་།   རབ་བྱུང་བཅུ་བཞི་པའི་ཆུ་ལུག་སྤྱི་༡༨༢༣ལོར་མ་ཧཱ་པཎྜིཏ་ཨ་མཆོག་བསྟན་པའི་རྒྱལ་མཚན་ནས་ཕྱག་བཏབ་མཛད།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་ཡོད། 
ཨ་མཆོད།      གྲོང་པའི་རིམ་གྲོ་བྱེད་མཁན་གྲྭ་བཙུན་དཀྱུས་མ།   མཆོད་ཡོན་ཏན་ཕད་གོག་གང་།    ཕད་གོག་ལུས་ན་ཡོན་ཏན་ལུས། 
ཨ་ཇ།    ཕུ་བོའི་མིང་།   དཔེར་ན།  ངའི་ཨ་ཇ་ལོ་བཅོ་བརྒྱད་རེད།   ང་ལོ་བཅུ་དྲུག་རེད་ལྟ་བུ།  
ཨ་ཇན་ཏ།      དེ་ནི་རྒྱ་གར་གྱི་གནས་མཆོག་ཅིག་སྟེ།   བྷོམ་བྷེ་དང་མི་རིང་བའི་སར་གནས་ཡོད་ཅིང་།    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།   དེ་ནི་དེང་སང་འཇིག་རྟེན་ན་གྲགས་པའི་གནས་ངོ་མཚར་ཅན་ཏེ་ཕྱི་བྲག་རི་ལ་ནང་གཙུག་ལག་ཁང་ཆེ་ཆུང་སྣ་ཚོགས་པར་ཡོད་པ།   ལྡེབས་རིས་ལ་སྟོན་པའི་རྣམ་ཐར་དང་སྐྱེས་རབས་ཀྱི་རི་མོ་ངོ་མཚར་བས་བརྒྱན་པ།   ནང་གི་ཀ་གདུང་ལ་སོགས་པའི་ལྷ་ཁང་དེ་དག་ཐམས་ཅད་ཀྱང་བྲག་རིལ་པོ་གཅིག་ལས་བཟོས་པ་སོགས་བློའི་ཡུལ་ལས་འདས་པའི་ངོ་མཚར་ཅན་དེ་འཛམ་བུ་གླིང་གི་སའི་སྙིང་པོ་ལྟ་བུ་ཡིན་ནོ།   བྲག་ཕུག་དེར་དེང་སང་གླིང་ཆེན་དྲུག་གི་མི་ཐམས་ཅད་ཟམ་མ་ཆད་པར་འགྲོ་ཞིང་ནང་ཐམས་ཅད་དུ་གློག་ཡང་སྤར་ཡོང་ཞེས་གསུངས་སོ། 
ཨ་ཇོ།      གཅེན་པོའམ།    ཇོ་ཇོ།   རི་དང་ནགས་གསེབ་ཐམས་ཅད་དུ་ཉུལ་ཡང་ཨ་ཇོ་མ་རྙེད་པས་སྡུག་བསྔལ་གྱིས་མནན་ཞིང་བཞུགས་སོ།  
ཨ་འཇོག  〔ཡུལ〕 རྟ་སྒའི་སྟེང་གི་གདན།  
ཨ་ཉག་རི་ཁྲོད།      འདེབས་མཁན་དང་འདེབས་ལོ་མི་གསལ།  གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ཁོངས་སུ་ཡོད།  
ཨ་ཉན།  〔ཡུལ〕  ①  ཕག་ཉན།   གཞན་གྱི་སྐད་ཆ་ཨ་ཉན་མ་བྱེད།   ②  རེ་བ།   དོན་དག་ལེགས་འགྲུབ་ཡོང་རྒྱུའི་ཨ་ཉན་བྱས་པ།  
ཨ་ཉོག   ཕྲུ་གུའམ་བྱིས་པ།   ཨ་ཉོག་ངུ་སྡིགས་མི་རྒན་ཤི་སྡིགས།   ཨ་ཉོག་ཁྱི་གུ་རྟེའུ་ཆུང་གསུམ།   ལས་བྱས་པ་མེད་དེ་ཀུན་གྱིས་བྱམས།  
ཨ་ཏ།  〔ཡུལ〕 སྐྱེད་བྱེད་ཕ།  
ཨ་ཏན།      ཏན་ཏན་ཡིན་པ།   
ཨ་ཏི་ཡོ་ག   སྔགས་རྙིང་མའི་གཞུང་རྣམས་སུ།   རྫོགས་ཆེན་ཨ་ཏི་ཡོ་ག་ནི་སྤྲོས་བྲལ།   རང་བྱུང་གི་ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བས་ཐེག་པ་མཐའ་དག་གི་དོན་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་ཡིན་ལ།   སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བར་ཤར་བ་ལས་གཞན་དུ་མེད་ཅིང་།   གཞི་གནས་རང་བྱུང་གི་ཡེ་ཤེས་དེ་ལམ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གྱིས་ནང་བཞི་མཐར་ཕྱིན་ནས་འབྲས་བུ་གཞི་ཐོག་ཏུ་གྲོལ་བ་སྟེ་གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པའོ། 
ཨ་ཏི་ཡོ་གའི་ཐེག་པ།      སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག  ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་ཐེག་པ་སྟེ།   འཇུག་སྒོ་རིག་པའི་རྩལ་བཞིས་སྨིན་པར་བྱས་ཏེ།   ལྟ་བ་སེམས་ལས་འདས་པའི་རིག་པ་ངོ་བོ་སྟོང་པ་ཆོས་སྐུ།   རང་བཞིན་གསལ་བ་ལོངས་སྐུ།   ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐྲུ་སྟེ་སྐུ་གསུམ་གྱི་རང་ཞལ་ལ་ལྟ་བ་དང་།   སྒོམ་པ་ཀ་དག་ཁྲེགས་ཆོད་དང་།   ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་དང་སྦྱར་ནས།   སྤྱོད་པ་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་བས་སྤང་བླང་རེ་དོགས་མེད་པར་བཞག་པས།   འབྲས་བུ་སྣང་བཞི་མཐར་ཕྱིན་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ཏེ་ཡེ་ཤེས་བླ་མའི་སེམས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པར་འདོད་པའོ། 
ཨ་ཏི་ཡོ་གའི་སྤྱི་དོན་དྲུག   དཔེ་ནམ་མཁའ་གཡའ་དག་པ་ལ་བརྟེན་ནས་གཞིའི་ཡེ་ཤེས་བཤད་པ།   དཔེ་ཁྱུང་ཆེན་གཤོག་རྫོགས་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་བཤད་པ།   དཔེ་རྒྱ་མཚོ་འཁྱིལ་བ་ལ་བརྟེན་ནས་མཉམ་གཞག་གི་སྒོམ་པ་བཤད་པ།   དཔེ་སེང་གེའི་སྒྲ་སྐད་ལ་བརྟེན་ནས་རྟོག་དཔྱོད་ཟིལ་གནོན་བཤད་པ་དང་།   དཔེ་དཔག་བསམ་ལྗོན་ཤིང་ལ་བརྟེན་ནས་རྫོགས་པའི་འབྲས་བུ་བཤད་པ་དང་།    མ་བཙལ་ལྷུན་རྫོགས་དོན་དམ་གྱི་གནས་ལུགས་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཆོས་སྐུའི་ཆོས་སྐུ་འཁོར་འདས་ཀྱི་སྤྱི་མེས་ཆེན་པོའི་རང་བཞིན་ནི་རྟོག་གེའི་རིགས་པ་དང་ཐ་སྙད་ཀྱི་དཔེ་དང་ཚིག་གིས་གཏན་ལ་མི་ཕབ་པས་མངོན་སུམ་རང་གནས་སུ་ངོ་སྤྲོད་པའི་བརྡས་མཚོན་པར་བྱེད་པ་བཅས་སོ། 
ཨ་ཏི་ཤ   ཕུལ་དུ་བྱུང་བ་སྟེ།   རྒྱ་གར་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་ཆུ་རྟ་ལོར་འཁྲུངས།   མཚན་དཔལ་མར་མེ་མཛད་ཡེ་ཤེས་ཏེ།   མ་ག་དྷཱའི་གཙུག་ལག་གནས་ཆེན་འགའི་ཚོགས་ཀྱི་བདག་པོ་མཛད།   ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་འབད་པས་གདན་དྲངས་ནས་བོད་དུ་བྱོན་ཏེ་མདོ་སྔགས་ཐམས་ཅད་བསྡུས་ནས་ལམ་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་གཙོ་བོར་བྱས་པའི་གཞུང་ཉི་ཤུ་ལྷག་ཙམ་མཛད་པའི་སྒོ་ནས་བསྟན་པ་ཕྱི་དར་དང་བཀའ་གདམས་པའི་སྲོལ་བཏོད།   གཞན་ཡང་གསོ་རིག་གི་གཞུང་ཡན་ལག་བརྒྱད་པ་བརྩམས།    མངའ་རིས་སུ་ལོ་གསུམ་དང་།   དབུས་གཙང་དུ་ལོ་དགུ་བཞུགས།   དགུང་ལོ་བདུན་ཅུ་རྩ་གསུམ་པ་ཤིང་རྟ་ལོ་ལ་འདས།   སངས་རྒྱས་ཀྱི་བསྟན་པ་དང་རིག་གནས་སྤེལ་བ་ལ་བོད་དུ་བཀའ་དྲིན་ཆེ་བས་གངས་ཅན་པས་ཇོ་བོ་རྗེ་ཞེས་ཞེ་སར་བརྗོད།  
ཨ་ཏིག་ཡང་ཏིག  〔ཡུལ〕 གཏན་གཏན།  རིན་གོང་སྒྲིག་རྒྱུ་མེད་པའི་ཨ་ཏིག་ཡང་ཏིག་ཡིན།  
ཨ་ཏོ།      ཕལ་ཆེར་རམ།   ཧ་ལམ།   མནོ་བ་བཞིན་དུ་ཨ་ཏོ་གྲུབ།  
ཨ་སྟོང་།      གཡལ་བའམ་གླལ་བ་སྟེ།   ལུས་ཐང་ཆད་ནས་གཉིད་འདོད་དམ།   གཉིད་སད་མ་ཐག་ཏུའམ།   གྲོད་པ་ལྟོགས་ནས་ཁ་གདངས་ཏེ་དབུགས་གཏོང་བའི་རྣམ་འགྱུར།   ཨ་སྟོང་རྒྱག་པ།  
ཨ་སྟོང་བརྒྱབ་པ།      གཡལ་བའམ་གླལ་བ། 
ཨ་ཏཱི་བི་ཥ།      ལེགས་སྦྱར་སྐད་ཀྱི་བོང་ང་དཀར་པོའི་མིང་གི་རྣམ་གྲངས་ཤིག་སྟེ།    བོད་ཀྱི་སྐད་དུ་བསྒྱུར་ན་ཤིན་ཏུ་དུག་མེད་ཅེས་འགྱུར་བར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས་གསུངས། 
ཨ་བརྟན།     ①  བརྟན་བརྟན་ཡིན་པ།   ②  སྐར་མ་བརྟན་པ།  
ཨ་ཐིས་དགོན།      རབ་བྱུང་བཅུ་གཅིག་པའི་ནང་ཨ་ཐིས་བསྟན་པ་རྒྱ་མཚོས་བཏབས།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ཁོངས་སུ་ཡོད།  
ཨ་ཐོ་བ།  〔རྙིང〕 བཟང་པོ།  
ཨ་ཐོ་མིན་ན།      དོན་གང་ཞིག་འབད་བརྩོན་བྱས་པས་ཅུང་ཙམ་མིན་ན་འགྲུབ་ཐུབ་མ་སོང་ཟེར་བ་དང་དོན་གཅིག  དཔེར་ན།   ང་ད་ལོ་ཆམ་པ་ཚ་བ་བརྒྱབས་ཏེ་ཨ་ཐོ་མིན་ན་ཤི་སོང་།   ཞེས་པ་དོན་དུ་ནའང་ཤི་མེད་པའི་དོན་ཡིན།   ཡང་།   ངས་གློག་ཀླད་བེད་སྤྱོད་བྱེད་སྟངས་ཡུན་རིང་པོ་ཞིག་བསླབས་པ་ཡིན།   ཨ་ཐོ་མིན་ན་ཤེས་མ་སོང་།   ཞེས་པ་དོན་དུ་བསླབས་པས་ཤེས་ཐུབ་ཡོད་པའི་དོན་ཡིན།   ཡང་།   ངས་མོ་ཊ་གཏོང་རྒྱུ་སྦྱོང་བ་ཡིན།   ཨ་ཐོ་མིན་ན་ཤེས་སོང་།   ཞེས་དོན་དུ་ཤེས་མེད་པའི་དོན་ཡིན། 
ཨ་ཐོད།      ཐོད་པ།  
ཨ་ཐོད་རི་མོ།      བསོད་ནམས།  
ཨ་ཐཱ།      ལེགས་སྦྱར་གྱི་སྐད་དེ།   བོད་ཀྱི་སྐད་དུ་བསྒྱུར་ན།    བཀྲ་ཤིས་པའི་དོན་ཏེ།    ཟླ་ཟེར་ལས།   ཡི་གེ་ཨ་དང་ཐཱ་ཞེས་པ།   གཉིས་པོ་འདི་དག་སྔོན་ཚངས་པས།    མཁུར་ཚོས་བརྡོལ་ནས་བྱུང་བ་སྟེ།    དེ་ན་འདི་དག་བཀྲ་ཤིས་ཡིན།    ཞེས་གསུངས་པ་ལྟར་རོ།  
ཨ་འཐས།      ཨ་ཚུགས་ཏེ་སྲ་འཐས་ཀྱི་རང་བཞིན་དུ་འཛིན་པའམ་བདེན་པར་ཞེན་པ།   ལག་རྩལ་ཨ་འཐས་ཀྱིས་བསླབ་པ།   རང་ལུགས་ཨ་འཐས་ཨུ་ཚུགས་ཀྱིས་དམ་པོར་འཛིན་པ། 
ཨ་འཐས་འཁྲུལ་བ།      འཛིན་པ་དམ་པོའམ།   རྟག་འཛིན་དམ་པོ་ལ་ཨ་འཐས་ཟེར་ཞིང་།    དེ་འདྲའི་སེམས་དེ་འཁྲུལ་བ་ཡིན་པའི་དོན། 
ཨ་ད།      〔སྐྱེ་རྒུ〕སྲིན་མོ་དང་དོན་གཅིག་ཡིན།   སྐྱེ་དགུ་མདོ་ཡིས་ལོ་རང་ལས་ཆེ་བ་ལ་འབོད་སྲོལ་ཡོད།  
ཨ་དཪྴ།  〔ལེགས〕 མེ་ལོང་།  
ཨ་དོན།      སྐྱེ་མེད་དམ་སྟོང་ཉིད།  
ཨ་སྡིའི་མགོ་དཀྲིས།      སྡི་ཁྲ་མགོ་བཀྲིས་དང་དོན་གཅིག
ཨ་སྡུག   ཐ་ཤལ་དང་ཐབས་སྡུགཨ་སྡུག་ང་འདྲ་བ་ཡིན་ཡང་དེ་འདྲ་མི་བྱེད།   མཐོ་རྒྱལ་པོ་ནས་དམའ་ཨ་སྡུག་གི་བར།  
ཨ་དྲུང་།     ①  སྔར་བོད་སྡེ་པ་གཞུང་གི་ཡི་གེ་སྐྱེལ་མཁན་རྟ་ཤད་པ།   ②  སྔར་དགོན་སྡེའི་མཁན་པོ་ཁག་གི་རྟ་གཡོག
ཨ་དྲུང་རྟ་བཞོན།      ཨ་དྲུང་རྟ་ཤད་དང་དོན་གཅིག
ཨ་དྲུང་རྟ་ཤད།      སྔར་བོད་སྡེ་པ་གཞུང་སྐབས་འཕྲིན་སྐྱེལ་བར་ཤར་རྒྱག་འགྲོ་མཁན་གྱི་རྟ་པ།  
ཨ་མདོ།     ①  ས་ཁུལ་ཞིག  བ་ཡན་ཧ་རའི་ཤར་ངོས་རི་བོ་ཆེན་པོ་ཨ་ཆེན་གངས་རྒྱབ་དང་མདོ་ལ་གཉིས་ཀྱི་མིང་གཅིག་ཏུ་བསྡོམས་པའི་མན་ཆད་ལ་ཨ་མདོ་ཟེར་བའི་བཤད་སྲོལ་གཅིག་དང་།   མདོ་ཞེས་པའི་མིང་འདིའི་སྔོན་འཇུག་མ་ཡིག་གསལ་པོར་ཀློག་དུས་ཨ་སྒྲ་ཞིག་རང་བཞིན་གྱིས་བྱུང་བས་ཨ་མདོ་ཟེར་བའི་བཤད་སྲོལ་ཡང་འདུགམཚོ་སྔོན་ཞིང་ཆེན་དང་།   ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད།   སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་བཅས་བོད་རིགས་ཀྱི་ས་ཆར་ཟེར།   ②  ཨ་མདོ་ནག་ཆུ་ས་ཁུལ་གྱི་རྫོང་ཞིགབོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ལྷ་སའི་བྱང་ངོས་སུ་ཡོད།   རྫོང་མི་དམངས་སྲིད་གཞུང་དེ་བྲག་ནག་ཏུ་ཡོད། 
ཨ་མདོ་སྒང་ཐོག་དགོན།      དུས་ནམ་དང་བླ་མ་སུས་བཏབས་མ་གསལ།   ངག་སྒྲོས་ལ་ཨ་འདོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་ཞིག་གིས་བཏབས་ཟེར་སྲོལ་འདུག  །  གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཁོངས་སུ་ཡོད།  
ཨ་མདོ་མགོ་རིལ།  〔ཡུལ〕 ཨ་མདོ་ཕྱོགས་ནས་ཁྱེར་ཡོང་བའི་ཁབ་ཅིག་གི་མིང་།  
ཨ་མདོ་བྱམས་པ།      ཞེས་པ་ནི་གྲགས་ཅན་གྱི་རི་མོ་མཁས་ཅན་ཞིག་ཡིན།   སྤྱི་ལོ་༡༩༡༥ལོར་མདོ་སྨད་ཨ་མདོ་གཅན་ཚ་རྫོང་དུ་སྐུ་འཁྲུངས།   ཁོང་ནི་བྱིས་པ་ཆུང་ངུའི་དུས་ནས་སྔོན་སྦྱངས་སྐྱེས་སྟོབས་ཀྱི་དབང་གིས་རི་མོ་འབྲི་བར་ཤིན་ཏུ་དགའ་སྣང་ཆེ།   གཞོན་ནུའི་དུས་དབུས་ཕྱོགས་སུ་བྱོན་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཚོགས་བཞུགས་མཛད།    ཁོང་གིས་འབད་པ་ཆེན་པོས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད་པ་མ་ཟད།    རི་མོ་འབྲི་སྦྱོང་ཡང་མཛད་དེ་མཁས་པར་གྱུར།    ཁོང་གི་ཚབ་བྱེད་བརྩམ་བྱ་གཙོ་བོའི་གྲས་ནི་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནང་གི་ཁམས་གསུམ་དབང་འདུས་དང་།    རྒྱན་དྲུག་མཆོག་གཉིས་སོགས་ཡིན་ཞིང་།   དེ་རྣམས་ནི་དངོས་བྲིས་གསར་རྩོམ་གྱི་རང་བཞིན་ལྡན་པ།    མི་སོ་སོའི་འདྲ་རིས་བལྟས་པ་ཙམ་གྱིས་ངོ་ཤེས་པ།   གསལ་མུན་དང་སྣང་ཆ་གནད་དུ་འཁེལ་བ་བཅས་དུས་རབས་བཅོ་བརྒྱད་པའི་ནང་གི་ཡོ་རོབ་གླིང་གི་སྣུམ་ཚོན་རི་མོ་དང་ཆེས་འདྲ་བའི་ཁྱད་ཆོས་ལྡན་ཡོད།
 

  • ལེ་ཚན་སྔོན་མ།:རྒྱ་བོད་དབྱིན་གསུམ་ གསར་བྱུང་རྒྱུན་བཀོལ་མིང་མཛོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གཅིག་གྱུར་བྱུང་བའི་མིང་ཚི